R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 292
[A:292]འཛིན་ནས། མཁན་ཆེན་སངས་རྒྱས་དཔལ་བཟང༌། དེ་ལས་བདག་གིས་ལེགས་པར་ནོས་སོ། །ལུང་ལ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་བསྒྲུབ་པ། ནང་གཏོར་མ་ལ་བརྟེན་ནས་བསྒྲུབ་པ། གསང་བ་གའུ་ལ་བརྟེན་ནས་བསྒྲུབ་པ། ཐུགས་རྗེ་ཆེན་པོས་སྤྱན་ནས་ཛམྦྷ་ལ་སྤྲུལ་ཏེ་ཇོ་བོ་ལ་གནང་བའི་ལོ་རྒྱུས་རྗེས་གནང་གི་ཡི་གེ བསྟོད་པ་སྤྱན་རས་གཟིགས་དབང་མ། ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས་ཀྱིས་མཛད་པའི་སྒོམ་བཟླས་རྗེས་གནང་བྱེད་ཚུལ་བཅས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྨོར་ཆེན་པ་ཡན་གོང་དང་འདྲ་ལ། དེ་ནས་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱིས་གསན་ནམ་བརྟག དེ་ནས་རྩེ་གདོང་སྤྲུལ་པའི་སྐུ་རིན་པོ་ཆེ། མངའ་རིས་པ་བསོད་ནམས་བློ་གྲོས། ཆོས་རྗེ་ཏིང་འཛིན་རྡོ་རྗེ། དེས་བདག་ལ་སྩལ་ཏོ། །༈། །འདུལ་བ་ལུང་ལས། རྒྱལ་ཆེན་སྡེ་བཞི་པོ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང༌། ཀླུ་དབུགས་དང་དབུགས་ཆེན་དུ་གྱུར་པ་ན་བཞི་གས་སངས་རྒྱས་འོད་སྲུངས་ལ་ཡོན་ཏན་ཤེས་ནས་དད་དེ་བསླབ་པའི་གཞི་བཟུང་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇིག་རྟེན་སྐྱོང་བར་སྨོན་ལམ་བཏབ་པའི་མཐུ་བཙན་པོས་བསྟན་པ་རིན་པོ་ཆེ་སྐྱོང་བ་ལ་འཕགས་པའི་ཡུལ་དང་གངས་རིའི་ལྗོངས་འདིར་ཡོངས་སུ་གྲགས་ཤིང་མཁས་གྲུབ་མང་པོས་ཆོས་སྐྱོང་གི་གཙོ་བོར་མཛད་པའི་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་པའི་སྲས་འདི་ཉིད་ཀྱི་གཟི་བརྗིད་མ་བཟོད་པར་ལྷ་མིན་གྱི་དཔུང་ཕྱིར་ལོག་པར་བརྟེན། ལྷ་རྣམས་ངལ་བསོས་པས་ངལ་བསོས་པོ་དང༌། ལྷ་མིན་གྱིས་གཡུལ་བཤམས་པའི་ཚེ་སེང་གེ་ཁྲོས་པ་ལ་ཞོན་ནས་སྲུངས་པས་གནས་སྲུང་པོ་