R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 382
[A:382]ངོས་འཛིན་སོགས་ལྷག་ཁ་ཡར་དང་བཅས་པ་བསྣན་པའི་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་ཆོ་ག་ཀྲི་ཡཱ་ས་མུཙྪ་ཞེས་སྒྲུབ་དཀྱིལ་ཡན་ལག་དང་བཅས་པ་དོན་ཚན་དྲུག་ཅུ་རྩ་བཞིའི་སྒོ་ནས་སྟོན་པའི་བསྟན་བཅོས་ཆེན་པོ་ཞིག་མཛད་པ་འཕགས་པའི་ཡུལ་དུ་དར་རྒྱས་ཤིན་ཏུ་ཆེ་ཞིང༌། བོད་འདིར་ཐོག་མར་རྒྱ་དཔེ་ཞིག་བལ་པོའི་ཚོང་པའི་ལག་ནས་དཔལ་ལྡན་བླ་མ་དམ་པའི་གཅེན་འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱི་ཕྱག་ཏུ་བྱུང༌། དེ་ལ་བརྟེན་ནས་ཀུན་སྤངས་ཆོས་གྲགས་དཔལ་བཟང་གིས་བདག་རྐྱེན་མཛད་ནས་བི་ཀ་མཱ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང་ས་བཟང་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་གྱིས་བསྒྱུར་ཀྱང་ཆོས་ཀྱི་རྒྱུན་མེད་པ་ལ། མངའ་རིས་པ་རྡོ་རྗེ་དཔལ་གྱིས་བལ་ཡུལ་ཡེ་རང་དུ་ཀྲི་ཡཱ་ས་མུཙྪའི་དབང་ཞུས་པའི་གཏམ་ཐོས་པའི་རྐྱེན་གྱིས་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་པཎྜི་ཏ་མ་ཧཱ་བོ་དྷི་ལས་དབང་ལུང་རྫོགས་པར་གསན། དེ་ནས་ཕྲེང་བ་དང་ཀྲི་ཡཱ་གཉིས་དབང་གི་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་རྡོ་རྗེ་ཕྲེང་བའི་སྒྲུབ་དཀྱིལ་སྦྲགས་པ་རྡོར་ཕྲེང་མཛེས་རྒྱན་གྱི་སྟེང་སྟ་གོན་གསུམ་སྒྲུབ་མཆོད་སོགས་དམ་པའི་ཕྱག་ལེན་འཁྲུལ་མེད་དང་དབང་གི་སྐབས་ཀྱང་དཀྱིལ་འཁོར་མང་མར་ཕྲེང་བའི་སྟེང་དུ་ཀྲི་ཡཱའི་སྒོས་ཆོས་ཁ་ཡར་བསྣན་པའི་ཕྱག་ལེན་རྒྱས་པ། དུས་འཁོར་ལྷ་གྲངས་མངས་པའི་དཀྱིལ་འཁོར་སྒྲུབ་མཆོད་ཡུན་རིང་བར་བརྟེན་ཕྲེང་རྐྱང་གི་ཕྱག་ལེན་བསྡུས་ཤོས་འཁོར་ལོ་བསྒྱུར་དྲུག་ལ་ཀྲི་ཡཱའི་སྒོས་ཆོས་ཕྲ་མོ་རྣམས་ཀྱང་བསྣན་པའི་ཕྱག་ལེན་ཤིན་ཏུ་རྒྱས་