R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 390
[A:390]བརྒྱ་དང་ལྔ་བཅུ། རྩ་བའི་བླ་མ་བཞི། འགྲན་གྱི་དོ་མེད་ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམ་པ་གཉིས་དང༌། གྲུབ་ཐོབ་ཀྱི་བླ་མ་བཅུ་གསུམ་པོ་རྣམས་ལས་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་གསན་པ་རྣམས་བཤད་སྒྲུབ་གཉིས་སུ་འདུས། དེ་དག་གི་བརྒྱུད་འཛིན་བསམ་གྱིས་མི་ཁྱབ་ཀྱང༌། སྔ་བུ་བཞིའམ་ལྔ། ཕྱི་བུ་གཅིག་རྣམས་ཀྱིས་བསྟན་པ་བཟུང་བ་ལས། སྔ་བུ་ཞང་སྒོམ་ཆོས་ཀྱི་སེང་གེ་དང༌། ཕྱི་བུ་མཉམ་མེད་རིན་ཆེན་བརྩོན་འགྲུས་གཉིས་ཀྱིས་བསྟན་པ་བཟུང་བའི་སྒྲུབ་བརྒྱུད་ཀྱི་གདམས་པ་མཁའ་འགྲོ་མ་ནི་གུ་མ་དང་སུ་ཀ་སིདྡྷི་གཉིས་ཀྱི་གདམས་པ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། དང་པོ་མཁའ་འགྲོ་མ་ནི་གུ་མའི་གདམས་པ་ཐོབ་པའི་སྐོར་ལ། སྨིན་བྱེད་དབང་དང་བྱིན་རླབས་ཀྱི་སྐོར། གྲོལ་བྱེད་ཟབ་མོ་ཁྲིད་ཀྱི་སྐོར། རྒྱབ་བརྟེན་ལུང་གི་སྐོར། བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོའི་སྐོར་དང་བཞི་ལས། དང་པོ་སྨིན་བྱེད་ལ། ཆོས་དྲུག་སྤྱིའི་དབང་ཁོག་ཕུབ། རྒྱུད་སྡེ་ལྔའི་གཙོ་བསྡུས་ཀྱི་དབང་ངམ་སྒྱུ་ལུས་དབང་མོ་ཆེ་ཞེས་བྱ་བ་ངོ་བོ་གཅིག་ལ་མིང་གི་རྣམ་གྲངས་བཞི་དང་ལྡན་པའི་དབང་བསྐུར་གདམས་པ་དང་འབྲེལ་པ། གདམས་ངག་དབང་བསྐུར་དང་འབྲེལ་པས་མཐའ་བརྒྱན་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ཙོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ གཉེན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་མ་ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང༌། བླ་མ་རྡོ་རྗེ་