R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 414
[A:414]སྦྱར་ཞིང༌། བླ་ཆེན་ཆོས་དཔལ་བཟང་པོས་མཛད་པའི་དབང་ཆུ་མ་དག་པའི་དྲི་མ་འཁྲུད་བྱེད་ཀྱི་སྟེང་ནས་ཞིབ་ཆའི་ཕྱག་ལེན་དང་བཅས་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་བཏང་སྟེ་བུམ་པ་ལ་བརྟེན་ནས་ཁྲག་འཐུང་རིགས་ལྔའི་རིག་པའི་དབང༌། ལྷ་དབང༌། དུར་ཁྲོད་ཆས་དབང༌། གཏོར་དབང༌། གསང་དབང༌། ཤེར་དབང༌། བཞི་པའི་དབང་དང་བཅས་པ་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་བཀའ་སྲོལ་མ་ཉམས་པ་ཡིད་ཆེས་ཁུངས་བཙུན་དུ་མནོས། དབུས་སྟོན་པ་སོགས་ས་དགེའི་མཁས་རློམ་གཞན་དག་གིས་རིག་པའི་དབང་ལྔ་སོ་སོར་ཕྲལ་ནས་བསྐུར་བས་མཚོན་ཏེ་གསང་འདུས་དགྱེས་རྡོར་སོགས་རྒྱུད་སྡེ་གཞན་གྱི་རྒྱས་བཀབ་རང་བཟོའི་དྲི་མ་ཙམ་ཡང་མ་འདྲེས་པ་ཡིན་ནོ། །འཆི་མེད་ཚེའི་རྫོང་ཆུང་གི་དབང་ཀུན་མཁྱེན་ཆེན་པོའི་ཡིག་ཆ་དང་དེའི་གསལ་བྱེད་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ནག་པོ་འགྲོ་ཤེས་ཀྱི་སྟེང་ནས་ཚེ་འགུགས་འཆིང༌། བསྡུ་བ། དབང་དངོས། སྦ་བ། སྦེལ་བ། ཚེ་རྫས་མྱང་བ། བསྲུང་བ་རྣམས་སྨིན་རྒྱས། བདེ་གཤེགས་འདུས་པའི་བྱིན་རླབས་དབང་གི་ཆོ་གའི་སྟེང་ནས་བུམ་པ། རྟ་མགོདུར་ཁྲོད་ཆས། བཟླས་ལུང༌། གཏོར་མ་ལ་བརྟེན་པའི་དབང༌། བཀའ་སྲུང་གྱིང་ལྔ་གཟའ་གདོང་གི་སྲོག་གཏད་ཀྱི་རྗེས་གནང་ཟབ་མོ་རྣམས་ཀྱང་ཡིད་བརྟན་དུ་རུང་བ་ཐོབ་ནས། རྒྱབ་རྟེན་ལུང་གི་སྐོར་ལ། སྤྱིར་རྩ་བརྒྱུད་ཀྱི་སྟེང་དུ་དྲིལ་བ། སྒྲུབ་ཐབས་བྱང་བུའི་སྟེང་དུ་དྲིལ་བ། མན་ངག་ལས་ཚོགས་ཀྱི་སྟེང་དུ་དྲིལ་བའི་ཚུལ་དང་གསུམ། དང་པོ་ནི། རྒྱུད་ཀྱི་ལེའུ་དྲུག་པ་ཡན་གྱིས་སྟོད་ལས་བྱང་ཆུབ་སྒྲུབ་པ་རྣམས་སྟོན་པས། སྨིན་བྱེད་དབང་གི་