R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 581
[A:581]དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ཀྱེ་རྡོ་རྗེ་ཕྱག་བཅུ་དྲུག་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ནག་པོ་ཞབས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་འགོས་ལོས་བསྒྱུར་བ། བདག་མེད་མའི་སྒྲུབ་ཐབས་མཛད་པ་དང་འགྱུར་གོང་འདྲ། བར་འདིར་ཚོགས་འཁོར་གྱི་ཆོ་ག་འགོས་འགྱུར་དང་ཕྱག་གཉིས་པ་དཔའ་གཅིག་ཚུལ་ཁྲིམས་གྲགས་ཀྱི་འགྱུར་ཟེར་བ་གཉིས་སངས་རྒྱས་བསྟན་པའི་གསན་ཡིག་ཏུ་འདུག་ཀྱང་དཔེ་མ་འབྱོར་བས་ལུང་མ་བྱུང༌། རྨོར་ཆེན་པའི་གསན་ཡིག་ནའང་མི་འདུག་པས་མ་དགོས་པ་ཡིན་ནམ་བརྟག སྦྱིན་སྲེག་གི་ཆོ་ག་མཛད་པ་དང་འགྱུར་གོང་འདྲ། རབ་གནས་ཀྱི་ཆོ་ག་མཛད་པ་དང་འགྱུར་གོང་འདྲ། གཤིན་གྱི་ཆོ་ག་ནག་པོ་ཞབས་ཀྱིས་མཛད་པ་པཎྜི་ཏ་རྒྱལ་བའི་གཉེན་དང་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་དབེན་གནས་ཐར་པ་གླིང་དུ་བསྒྱུར་བ། རོ་སྲེག་གི་ཆོ་ག་དང་མཆོད་རྟེན་གྱི་ཆོ་ག་ཉི་མ་རྒྱལ་མཚན་གྱིས་བསྒྱུར་བ་སྟེ་གཞུང་དེ་རྣམས་དམ་ཚིག་རྡོ་རྗེའི་སློབ་མ་ནག་པོ་ཤཱནྟ་བྷ་དྲས་མཛད་པ་རྣམས་སོ། །དཀའ་འགྲེལ་
འདི་ལུང་མ་བྱུང༌།་་་་་
རྣལ་འབྱོར་རིན་པོ་ཆེ་སྦྱོར་བའི་ཕྲེང་བ་ནག་པོ་ཞབས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བ་རྣམས་ཏེ། དེ་ལྟར་གཙོ་ཆེ་བའི་ཆོས་སྣ་སོ་དགུར་གྲགས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཡན་ཆད་གསན་ཡིག་རྒྱ་མཚོ་ལྟར་དང༌། དེ་ནས་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག མཁས་གྲུབ་དཔལ་ལྡན་རྡོ་རྗེ། དེ་གཉིས་ཀས་རྗེས་སུ་བཟུང་བ་འདྲེན་མཆོག་དཀོན་མཆོག་འཕེལ་བ། ཆོས་རྗེ་དགེ་ལེགས་བཤེས་གཉེན། རྗེ་ཤེས་རབ་རྒྱལ་