R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 591
[A:591]བ། སྒྲོལ་བྱེད་བུ་མོ་དབོས་ཉ་བའི་ཟླ་བ། དཀར་པོའི་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཚེ་ས་ག་ལ་བར། རེས་གཟའ་པ་སངས། སྐར་མ་ཕུག་རོན། སྦྱོར་བ་ལས་བཟང༌། བྱེད་པ་སྔ་ཆ་བིཥྚི། ཕྱི་ཆ་གདབ་པ་རྣམས་ཤར་བའི་དུས་སུ་མདོ་ཁམས་ཕྱོགས་ཀྱི་དབྱིག་འཛིན་ཐིག་ལེ་ཤྲཱི་སེ་ན་ཤུ་བྷའི་རིགས་ཀྱི་ཆོས་ལྡན་གྱི་སའི་ཚངས་པ་ཆེན་པོས་ཕུན་ཚོགས་སྟོབས་ཀྱི་འཁོར་ལོས་ལེགས་པར་བསྲུངས་པའི་གདན་ས་ཆེན་པོ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་ཆེན་པོར་ཁམས་གསུམ་འགྲོ་བའི་བླ་མ་ཁྱབ་བདག་འཁོར་ལོའི་མགོན་པོ་དང་པོའི་སངས་རྒྱས་ཀཱ་ལ་ཙཀྲ་ཉིད་ངུར་སྨྲིག་བླ་གོས་གསར་པའི་ལང་ཚོས་མངོན་པར་སྒེག་པའི་བློ་གསལ་ཀུན་དགའ་སྟེར་བྱེད་ཕུན་ཚོགས་མཛད་པའི་ཆུ་གཏེར་སྐྱོང་བ་གང་དེ་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་བཞུགས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་གང་གིས་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་མངོན་པར་རྟོགས་པ་རྒྱས་པ་དངོས་གྲུབ་འདོད་འཇོ། དཀྱིལ་ཆོག་ཡོན་ཏན་ཀུན་འབྱུང༌། མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ། མཁྱེན་རབ་རྗེས་མཛད་པའི་ཟིན་བྲིས་བཀྲ་ཤིས་རབ་རྒྱས། གཞན་ཡང་སློབ་མ་ཡང་སློབ་དང་བཅས་པའི་ཟིན་བྲིས་ཐོར་བུ་བཞུགས་པ་རྣམས་ཀྱི་སྟེང་ནས་རྡོ་རྗེའི་སློབ་བུ་ངག་དབང་ཚུལ་ཁྲིམས་རིན་ཆེན་དུ་བོད་པ་ལ་བྱིས་པ་འཇུག་པའི་དབང་བདུན་གྱི་དབང་བསྐུར་བ་ལ་བརྟེན་ནས་འོག་མིན་སྲིད་པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བདེན་པ་ཉིད་ཀྱི་བསོད་ནམས་