[A:259]། བག་ཡོད་དུས་ལ་བབ་མིན་ནམ། །ཞེས་གསུངས་པར་དཔགས་ན་ཕྱི་སྒྲུབ་ཡིན་པ་རྒྱུ་མཚན་དུ་བྱས་ནས་སྣོད་མ་བརྟགས་པར་བབ་ཅོལ་དུ་འཆད་པའང་མི་རུང་བར་མངོན་ནོ། །གཉིས་པ་ནང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གསང་བའི་མན་ངག་ལ། རྩ་བའི་ཡི་གེ་ཚིགས་བཅད་མ་༼གློ༽བླ་མའི་མན་ངག་བཞིན་གབ་དཀྲུགས་མེད་པར་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། ཡིག་རྙིང་འདི་ལྟ་བུ་ཡོད་པ་མིག་དང་རྣ་བའི་ཡུལ་དུ་མ་གྱུར་པར་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོས་ཚར་ཆེན་གྱི་གུར་མགོན་གྱི་ཁྲིད་ལས་དཔེ་བླངས་པའི་རང་བཟོ་ཡིན་ཞེས་ངན་སྨྲས་ཀྱི་ཐན་སྐད་ཕྱོགས་བརྒྱར་སྒྲོག་པ་ནི་རང་གི་ནང་ཆ་གསལ་བར་སྟོན་པའོ་ཞེས་རྒྱལ་དབང་ལྔ་པ་ཆེན་པོས་གསུངས་སོ། །གསང་སྒྲུབ་ཀྱི་ཁྲིད་གཞུང་ངམ་མན་ངག་ཐུན་མོང་མ་ཡིན་པ་སྙན་ནས་སྙན་དུ་བརྒྱུད་པ་ཀ་ཞ་དཀའ་བཅུ་དང་རོང་པོ་དཀའ་བཅུ་སོགས་དགེ་བའི་བཤེས་གཉེན་དུ་མས་བསྐུལ་བ་ལ་བརྟེན་ནས་མཚུངས་མེད་སྐྱེས་མཆོག་རྒྱལ་མཚན་གྱིས་མཛད་པ། གསང་བའི་ཁྲིད་ཡིག་ཟུང་འཇུག་རྣམ་པར་རོལ་པ་བདུད་སྡེ་འཇོམས་པའི་བཤན་པ་ཆེན་པོ་ཞེས་བྱ་བ་མདོ་ཁམས་ལྷོ་ཕྱོགས་པ་དབོན་ཆེན་ཆོས་རྒྱལ་མཚན་དང་བླ་མ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བསྐུལ་ནས་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་མཛད་པ། དེས་ཁའུ་བྲག་རྫོང་ནག་པོའི་རུ་འདྲེན་གྱི་ཕོ་བྲང་སུམ་ཅུ་རྩ་གསུམ་གྱི་བསམ་གཏན་ཁང་བུར་མཛད་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་རྒྱལ་བ་ཀུན་དངོས་མ་རྣམས་འདི་སྐོར་ནི་གཙོ་བོར་མཆོག་གི་དངོས་གྲུབ་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་གསང་ལམ་