[A:279]བསྟན་པ་དྲི་མ་མེད་པ་སྤྱི་དང༌། ཡང་སྒོས་གསང་ཆེན་སློབ་བཤད་པའི་རིང་ལུགས་ལ་གཅེས་པར་འཛིན་ཞིང༌། སྣོད་ལྡན་ལ་ཆིག་བརྒྱུད་ལས་མང་པོར་མི་སྤེལ་བ་སོགས་མགོན་པོ་དཔང་དུ་བཙུགས་པའི་དམ་བསྒྲག་ཅིང༌། འཆོལ་བར་སྤྱོད་པ་རྣམས་གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱིས་སྙིང་ཁྲག་འཐུང་བའི་བཀའ་རྒྱ་ཤིན་ཏུ་དམ་པ། དུས་དེར་ཆོས་ཀྱི་ཡོན་ལ་གསེར་སྲང་གང་ངམ་ཡང་ན་དེ་རི་བའི་དངོས་པོ་འབུལ་བ་སོགས་ཀྱི་ཕྱག་ལེན་དེང་སང་གི་བར་དུའང་མ་ནུབ་པར་ཡོད་པས་དཔེ་ཙམ་མཐོང་བས་ཉམས་སུ་ལེན་པ། རྐུ་ཐབས་སུ་བྱེད་པ། ས་སྐྱ་པའི་བསྟན་པ་སྤྱི་སྒེར་ལ་གཅེས་པར་འཛིན་པ་ལྟ་ཞོགགནོད་པ་ལྷུར་ལེན་བཞིན་དུ་ཚུལ་འདི་དོན་དུ་གཉེར་བ་རྣམས་ནི་ས་བོན་མེས་ཚིག་པ་ལ་སོ་ནམ་འབད་པ་ལྷུར་ལེན་པ་དང༌། བཙན་དུག་ལ་རྗེན་ཟས་བྱེད་པ་དང་མཚུངས་པས་བག་ཡོད་པར་བྱ་བ་ནི་གནད་དམ་པའོ། །གཉིས་པ་བུ་ཡིག་ནི། གོང་གི་མ་ཡིག་གི་བེའུ་བུམ་མིའི་ལུས་ཀྱི་ཕྱིའི་དབྱིབས་ལྟ་བུ་ལ་སྟོད་སྨད་བར་གསུམ་གྱི་ཟབ་གནད་དོན་སྣོད་དང་དབང་པོ་ལྟ་བུ་རྣམས་ལོགས་སུ་གབ་པ་ཡིན་ལ། དེའི་རྒྱུ་མཚན་ནི། ཚེ་འདིའི་འདོད་པ་ཕྲ་མོ་ཙམ་གྱི་ཕྱིར། །དྲག་པོའི་ལས་སྦྱོར་བྱུང་རྒྱལ་རྩོམ་བྱེད་ཅིང༌། །ཆོས་ལ་བརྟེན་ནས་སྡིག་ཆེན་གསོག་པ་ཡི། །བླུན་པོ་ཞེ་སྡང་ཅན་དེའང་འདིའི་སྣོད་མིན། །སྡིག་ཅན་མི་དཔོན་སྟོབས་ལྡན་ཁྱིམ་ནང་དུ། །ལས་སྦྱོར་དྲག་པོས་ལྟོ་གོས་འཚོལ་བྱེད་ཅིང༌། །ལས་འབྲས་རྒྱབ་བསྐྱུར་མཐུ་སྟོབས་ཆེན་པོར་རློམ། །དམྱལ་བའི་བུད་ཤིང་ཆོས་འདིའི་སྣོད་མ་ཡིན། །ཞེས་པའི་གང་ཟག་གི་ལག་ཏུ་སོན་ཚེ་སྤྲེའུ་ལ་སྒྲོན་མེ་བསྐུར་བ་