[A:278]ནུབ་པར་གྱུར་དོགས་ནས། །ང་ཡིས་འདི་ནི་ཡི་གེ ར་གསལ་བར་བྲིས། །ཞེས་བསྟན་པ་རིན་པོ་ཆེའི་བཙས་སུ་འཁྲུགས་བསྡེབས་སུ་མཛད་པ་ཤིན་ཏུ་རྣོ་བ་རེག་ཐབས་མེད་པ་ལྟ་བུ་ནས། དེ་ལྟར་འདི་ནི་སྲོག་འཕྲོག་ཧ་ལའི་དུག། བསྟན་དགྲའི་ཀླད་འགེམས་གཤིན་རྗེའི་དབྱུག་པ་སྟེ། །རྣལ་འབྱོར་སྒོས་དགྲའི་སྙིང་འབྱིན་བཤན་པ་ཆེ། །གང་ལའང་ཐོགས་མེད་གནམ་ལྕགས་འབར་བའི་མཚོན། །ས་སྐྱའི་རྗེ་བཙུན་ཐུགས་ཀྱི་གཅེས་པའི་ནོར། །ཀུན་སྤངས་ཆོས་རྗེའི་ཞལ་གྱི་བདུད་རྩིའི་བཅུད། །སངས་རྒྱས་བསྟན་པ་བསྲུང་བའི་མཚོན་ཆའི་མཆོག ། རྣལ་འབྱོར་གཡུལ་ལས་རྒྱལ་བའི་དཔའ་བོའི་ཆས། །ཞེས་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་ལས་རྣམ་པར་རྒྱལ་བའི་གོ་མཚོན་ཡིན་ལ། དེ་ཡང་དགོས་པའི་གཙོ་བོ། གང་འདི་ཐུབ་བསྟན་འཇིག་ལ་ཐུག་པའམ། །རྣལ་འབྱོར་ཁ་ཞན་སྐྱབས་དང་བྲལ་གྱུར་ནས། །ཁ་དྲག་དཔུང་གིས་བསྡིགས་ཤིང་གནོད་པའི་ཚེ། །མཚོན་འདི་ཕྱུང་ལ་སྡིག་ཅན་ཆོས་དབྱིངས་སྐྱོལ། །ཞེས་བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་སྒོས་དགྲ་བསྒྲལ་བ་ལ་དགོངས་ནས་མཛད་པ་ཡིན་པ་ལས། དེ་ལ་མ་ཡིག་དང་བུ་ཡིག་གཉིས། དང་པོ་ནི། དཔལ་མགོན་ཞིང་སྐྱོང་ནག་པོ་ཆེན་པོ་དགྲ་བོའི་སྟོབས་འཕྲོག་གདོང་བཞི་པའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་སྙིང་ཐིག་ཧ་ལ་ནག་པོའི་བེ་བུམ་ཞེས་བྱ་བ། འདི་ཉིད་ཀྱི་ལུང་གནང་བའི་དུས་མགོན་པོའི་བྲིས་འབུར་གྱི་སྐུ་བྱིན་རླབས་ཅན་གྱི་དྲུང་དུ་མཆོད་གཏོར་དང་བཅས་ཏེ་སྤྱིར་ལས་འབྲས་ལ་འཛེམ་ཞིང་བསྟན་པ་རིན་པོ་ཆེ་གཅེས་སྤྲས་དང༌། ཁྱད་པར་དཔལ་ལྡན་ས་སྐྱ་པའི་