R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 545
[A:545]བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལ་སྩལ་ཏོ། །། །གཉིས་པ་ནི། དེ་དག་ཀུན་གྱི་རྩ་བར་གྱུར་པ་སྟོན་པའི་བཀའ་ལུང་རིན་པོ་ཆེ་གངས་ཅན་པའི་བརྡར་འགྱུར་རོ་ཅོག་གི་སྐོར་ལས་རང་གི་སྐལ་བ་མཆོག་གི་སྣོད་དུ་ཆ་ཤས་ལྷུང་བ་ནི། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་སྟེ། དེའང་ལྷ་ཀླུ་མི་དང་དྲི་ཟ་ལ་སོགས་པའི་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང༌། བག་ལ་ཉལ་བ་ལ་བརྟེན་ནས་དབང་པོར་འཚམ་པའི་དྲང་ངེས་ཀྱི་ཆོས་སོ་སོའི་སྐད་དང་མཐུན་པར་བཀའ་སྩལ་པ་ནི་ནམ་མཁའི་ཕ་མཐའ་བཞིན་རྟོགས་པར་དཀའ་བས་ཉན་རང་གི་སློབ་མི་སློབ་ཀྱི་འཕགས་པ་རྣམས་དང་སྲིད་པ་རྒྱུན་གྱི་ཐ་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འདི་ཙམ་མོ་ཞེས་ཚད་གཟུང་བར་མི་ནུས་ན་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལྟ་ག་ལ་ཞིག འོན་ཏེ་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་ཡུལ་དབུས་འགྱུར་འཆང་སོགས་སུ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པ་གསུམ་མཛད། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང༌། མངོན་པར་རྟོགས་པའི་ཡོན་ཏན་གྱི་ས་ལམ་མཐོན་པོར་གཤེགས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས་སྐྱེས་ཆེན་དུ་མས་འཐོར་བ་སྡུད་པ་དང་འཆད་ཉན་གྱིས་གཏན་ལ་ཕབ་པའི་དམ་པའི་ཆོས་ཀྱི་བདུད་རྩི་རིན་ཆེན་འབྱུང་གནས་ཆེན་པོའི་མཆེད་ཟླར་འཕགས་པའི་ཡུལ་དུ་བཞུགས་པ་ལས་བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་སྨན་ལྗོངས་འདིར་མོད་རྒྱུད་ཆུ་ཀླུང་གི་རྒྱུན་ལྟར་ཇི་སྙེད་ཅིག་ཉེ་བར་