R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 563
[A:563]བཙན་གྱི་དུས་ལོ་པཎ་རྣམས་ཀྱིས་འཕན་ཡུལ་གྱི་སྨད་ཀ་བ་ན་མོ་ཆེར་འགྱུར་བཅོས་ཀྱི་ཞུ་ཆེན་ལ་བརྟེན་དུམ་བུ་བཅུ་དྲུག་ཏུ་བཞེངས། འཇུག་སྣོད་ལས་གྲས་ཏེ་ཤ་སྒྲོ་ཅན་དུ་བཏགས་པ་བླ་འགྱུར་ཆེན་མོ། འདི་སྔོན་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་བྱུང་བའི་ཤ་སྒྲོ་ཅན་དང་ནི་མི་གཅིག གཞན་ཡང་ཉང་དང་ལྕེ་ཁྱི་འབྲུག་སོགས་ལོ་ཙཱ་བ་ཁྱོན་བསྡོམས་དྲུག་གི་འགྱུར་བྱང་ཡོད་པར་གྲགས། དེའང་ཡུམ་ཆེན་མོ་བཞེང་བ་རྗེ་མ་གཏོགས་འབངས་ཀྱིས་བཞེང་མི་ནུས་པས་ཁྲི་ལྡེ་གཙུག་གི་བླ་འབུམ་སྐྱ་བོ། མཇིང་ཡོན་གྱི་སྤུག་འབུམ། གཙང་མའི་ཕྱེ་འབུམ། རལ་པ་ཅན་གྱི་དྲུག་འབུམ། གནམ་ལྡེ་ལྷའི་ཞལ་དམར་ཅན། དར་མའི་ཤོག་སེར་ཅན་ཙམ་ལས་མ་འཕེལ་བ་རྗེས་སུ་འབངས་ཀྱིས་བཞེངས་པའི་འབུམ་ཚར་བཅུ་དགུ་ཙམ་བྱུང༌། དེ་ནས་མི་རིང་བར་རུ་མཚམས་ཀྱི་ལྕང་རྡོ་རྗེ་ཚུལ་ཁྲིམས་ཀྱིས་འབུམ་བཅུ་དགུ་པོ་ཐམས་ཅད་ལ་གཏུགས་ནས་བཞེངས་པས་ཤིན་ཏུ་དག་ཅིང༌། དེ་ལས་མཆེད་པ་འབུམ་ཚར་དྲུག་ཅུ་སྐོར་དང༌། དེའི་རྒྱུན་ལས་ཡར་ཀླུངས་ཇོ་བོས་བཞེངས་པའི་འབུམ་ལ་མ་ཕྱི་བྱས་ནས་དུམ་པ་བཅུ་གཉིས་བམ་པོ་སུམ་བརྒྱ་དང་གསུམ་ལེའུ་བདུན་བཅུ་དོན་ལྔ། ཤླཽ་ཀ་འབུམ་དང་ཆིག་སྟོང་ཡོད་པ། མངའ་བདག་ཁྲི་རལ་གྱི་དུས་གཏན་ལ་ཕབ་པ་ལས་རྙེད་པར་གྲགས་པའི་དཔེ་རྒྱུན་ཞིག་ཀྱང་འདུག་ཅིང༌། བལ་ཡུལ་ཕམ་ཐིང་གི་གཙུག་ལག་ཁང་གི་འབུམ་ལ་ཤེས་རབ་སྒྲོན་མ། སྣང་བ་གསལ་བ། ཟླ་བའི་སྒྲོན་མེ་གསུམ་ལྷག་པོར་ཡོད་པ་རྔོག་ལོས་གསེར་ཞོ་གསུམ་གྱི་རྔན་པ་བྱིན་ནས་བསྣན་པས་སྔོན་མ་རྣམས་ལ་ཏིང་ངེ་འཛིན་བརྒྱ་བཅུ་དགུ་ལས་