R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 562
[A:562]མཁན་སློབ་འཚོག་གསུམ་གྱི་ཤངས་མཚལ་གྱི་འབུམ་དམར་སྤྲུལ་སྐུ་དྲི་མེད་ལྷུན་པོས་གཏེར་ནས་སྤྱན་དྲངས་པ་དང་ནོར་གཞི་བྱུང་བར་མངོན། སྦས་མཉྫུ་ཤྲཱི་དང་ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་ལོ་བྱད་རྣམས་མངའ་འབངས་ལ་དཔྱ་ཁྲལ་བསྡུས་ནས་བསྒྱུར་བས་དཔྱ་འབུམ་དུ་གྲགས་པ། རྗེའི་དབུ་སྐྲའི་གཞོབ་ར་མས་ལ་བསྲེས་ཏེ་ར་དཀར་གྱི་འོ་མ་དང་སྦྱར་ནས་བྲིས་པའི་རེག་ཟིག་སྔོན་པོ་དུམ་པ་བཞི་པ་དེ་ལ་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་ཅན་དུ་གྲགས་པ་དང་པོར་བསམ་ཡས་སུ་བཞུགས་པར་གྲགས་ཀྱང་དེང་སང་འདིར་ཡོད་མི་གསལ། རེག་ཟིག་སྔོ་དམར་གཉིས་རྫུ་འཕྲུལ་གྱིས་ཡབ་ཡོབ་ཏུ་བསྒྱུར་བས་དེའི་མིང་དུ་ཐོགས་ཤིང་བླ་འགྱུར་ཆུང་བར་ཡང་ངོས་འཛིན། རེག་ཟིག་ཅེས་པ་བཀས་བཅད་ཀྱི་བརྡ་རྙིང་དུ་དབུས་པ་བློ་གསལ་བཞེད་པ་དོན་དུ་ཟིན་བྲིས་ཀྱི་མིང་ཡིན་པ་གླེགས་བམ་འདི་རྣམས་ཧ་ཅང་བསྡུས་པའི་ཟིན་བྲིས་ལྟ་བུར་སོང་བས། སླར་འཇིག་རྟེན་གྱི་མིག་གཅིག་པུ་བཻ་རོ་ཙ་ནས་རྒྱ་དཔེ་དང་བསྟུན་ནས་ཞུ་ཆེན་དུ་མཛད་པར་དུམ་བུ་དྲུག་པ་གླེགས་ཤིང་ལ་གྲས་ནས་ཐོགས་པ་དང༌། གསུང་རབ་ཀྱི་བར་དུ་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་དུའང་བརྗོད་པ་བླ་འགྱུར་འབྲིང་པོ། འབྲོམ་བཟའ་བྱང་ཆུབ་སྨན་གྱིས་ཀེ་ཏུ་གླིང་དུ་གཡོས་མལ་བཅས་ནས་ཟས་སྣ་བཅུ་གསུམ་རེས་སད་མི་མི་བདུན་སོགས་རབ་བྱུང་སུམ་བརྒྱ་ལ་བསྙེན་བཀུར་ཏེ་ཡུམ་རྒྱས་པ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པའི་སྟེང་ནས་གདུགས་ཚོད་ཐོན་པ་དང་ཚར་རེ་སྒྲོགས་པའི་ཤོག་དྲིལ་རྣམས་ཀྱི་སྣོད་ཤ་སྒྲོ་ཞིག་ཡོད་པས་དེར་ཐོགས་ཤིང་མཆིམས་ཕུ་ན་བཞུགས་པར་གྲགས། མངའ་བདག་ཁྲི་སྡེ་སྲོང་