R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 567
[A:567]འཕྲེང་ཅན། ཤ་ནིཥྐ་ཞེས་བྱུང་ཚེ་བཟོ་སྦྱངས་སུ་བསྒྱུར་བ་ཡིན་ལ། མདོར་མིང་མི་གཅིག་པ་གསུངས་པ་གང་ཟག་གཅིག་ལ་མིང་མི་གཅིག་པ་སྣ་ཚོགས་འོང་བ་ལྟ་བུ་ལས་ཐ་དད་པ་མིན་ཞིང༌། འཕྲེང་བ་ཅན་ལ་ལྷའི་མེ་ཏོག ལྷའི་བདུག་སྤོས་ཞེས་པ་བཞིན་འགྱུར་རྒྱས་པ་དང༌། གཞན་གཉིས་ལ་ལྷའི་མེ་ཏོག་དང་བདུག་པ་དང་ཞེས་ཚིག་ཉུང་བར་གྲགས་གསུང་བ་ནི་ཁུངས་ཤིན་ཏུ་བཙུན་པར་སྣང༌། ཡུམ་རྒྱས་འབྲིང་གཉིས་ལ་འཕྲེང་ཅན་དང༌། ཁྲི་བརྒྱད་སྟོང་པ་དང་སྡུད་པར་གཟོ་སྦྱངས་སུ་བསྒྱུར་བ་སོགས་ནས་ཤེར་ཕྱོགས་ཕལ་ཆེར་ལ་ལུགས་གསུམ་པོ་འདིའི་རྣམ་གཞག་དོན་གྱིས་ཐོབ་པ་ཞིག་ཡོད་འདྲའོ། །དེ་ལྟར་ཡུམ་བསྡུས་པ་པཎྜི་ཏ་ཤཱཀྱ་སེ་ན་དང་ཛྙཱ་ན་སིདྡྷི། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལས་བསྒྱུར་བ་ལས། སླད་ཀྱི་པཎྜི་ཏ་སུ་དྷ་ཥི་ཏ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། ཡང་དཔལ་མར་མེ་མཛད་དང་ལོ་ཆེན་རིན་བཟང་གིས་ཡུལ་དབུས་ཀྱི་འགྲེལ་པ་ལ་གཏུགས་ནས་བཅོས་ཤིང༌། སྐྱིད་ཤོད་སྙེ་ཐང་ན་མོ་ཆེར་ཇོ་འབྲོམ་ཡབ་སྲས་ཀྱིས་བརྒྱད་སྟོང་པ་གསུངས་པའི་ཚེ་ཆེ་ལོང་ཞིག་གཏན་ལ་ཕབ། སླར་ཡང་བྱང་རྭ་སྒྲེང་དུ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལན་གཉིས་སུ་ཞུས་དག་ཅིང༌། དེ་རྗེས་རྔོག་ལོ་ཙཱ་བ་ཆེན་པོས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་རྒྱ་དཔེ་དུ་མ་བསགས་ནས་ཞུས་ཆེན་དུ་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བམ་པོ་ཉི་ཤུ་རྩ་བཞི་ལེའུ་སོ་གཉིས་པ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་སེངྒེ་བཟང་པོ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཡོན་ཏན་བཤེས་གཉེན། རིན་པོ་ཆེའི་རི་