R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 575
[A:575]ལྕོགས་འབད་རྩིས་བཅས་དེ་སྐོར་ཞིབ་པ་རང་གི་རྟོགས་པ་བརྗོད་པ་སྐྱེ་བ་ཕལ་བའི་རྐང་འཐུང་དགེ་སྡིག་འདྲེན་མའི་ལས་ཀྱི་ཡལ་ག་ཕན་ཚུན་ཏུ་འཛིངས་པར་བདེ་སྡུག་དུས་ཀྱི་རྒྱལ་མོས་རེ་མོས་སུ་བསྒྱུར་བའི་ཚུལ་ཞེས་པ་རང་ཉིད་ཀྱི་བརྩམས་ཆོས་ཏ་པའི་མཐར་འཁོད་པ་དེར་གསལ་བཞིན་ལས་འདིར་སྨོས་མ་དགོས་པས་དེ་དག་གི་ཐོས་བསམ་དོན་ཡོད་ཆེད་དུ་རང་གཞན་དོན་གཉིས་བསྒྲུབ་ཚུལ་གྱི་སརྒ་ཉུང་ཙམ་སྟེ་ཉེར་དགུ་པའོ། །། །སླར་སྨྲས་པ། ཉི་མའི་གཉེན་གྱི་རྒྱལ་ཚབ་ཆོས་ཚུལ་འཛད་མེད་སྨྲ་བའི་རྡོ་རྗེ་སློབ་དཔོན་ཆེ། །དུ་མའི་ཞབས་ཀྱི་པདྨོར་གུས་བསྙེན་གང་ཐུགས་ཡོན་ཏན་རིན་ཆེན་འབྱུང་གནས་ལས། །དད་གུས་ཀུ་ཤའི་སྡོང་བུས་ཉེར་བླངས་རང་ཉིད་བློ་ཡི་ཡོལ་གོར་རིམ་བསགས་པས། །དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་འགྲུབ་འདི་སྔོན་བསགས་སྐལ་བ་མཆོག་ཏུ་གོ། གང་ཞིག་སྙིང་པོས་དབེན་པའི་ནོར་དག་དཀའ་བ་དུ་མས་འབད་ལ་སྤྲོ་བྱེད་ན། །ཐོག་མཐའ་བར་གྱི་དགེ་བ་གསུམ་ལྡན་འཆོས་སྐྱོབ་ཡོན་ཏན་དུ་མའི་འབྱུང་གནས་ཆེ། །འདི་དང་ཕྱི་མའི་གཏན་བདེ་ལྷུན་གྲུབ་འབྱུང་ཕྱིར་ཚད་ལྡན་གཅིག་ནས་གཅིག་བརྒྱུད་པའི། །ཁུངས་འབྲེལ་དྲང་པོའི་རྣམ་ཐར་འདི་འདྲ་དཀོན་པའི་འདུ་ཤེས་བསྐྱེད་ལ་ཅིས་མི་བརྩོན། །ཀ་ཡེ་གྲོག་དག་འདིར་སྣང་སྲིད་པ་འཁོར་བའི་སྡུག་བསྔལ་ན་ཀྲའི་གྲོང་ཁྱེར་ལ། །བསྒྲལ་ནས་བྱང་ཆུབ་རིན་ཆེན་གླིང་དུ་བགྲོད་ལ་དཀའ་བ་ཆེ་སྙམ་གྱི་ནར་མ་བསྒྱུར་བར། །བླ་མེད་བཤེས་གཉེན་དེད་དཔོན་བཟང་པོ་གཙུག་གི་རྒྱན་དུ་ལེགས་བསྟེན་ནས། །བརྩོན་འགྲུས་གྲུ་ཆེན་ཟུང་དང་དོན་གཉིས་ཡིད་བཞིན་བསམ་འཕེལ་རྙེད་