R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 574
[A:574]། ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དང་ལས་དྲི་མེད་བློས། །ནད་པས་སྨན་པའི་ངག་གཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག། ཅེས་འབྱུང་བ་ལྟར་གྱི་འདུ་ཤེས་རྩེ་གཅིག་པས་དོན་དུ་གཉེར། རྗེས་མཉེས་པ་གསུམ་གྱི་ཞབས་ཏོག་གང་འཁོས་དང་ཁྱད་པར་དུའང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས། དབང་ཐོབ་མན་ངག་ཟབ་མོ་འཚོལ་བ་ཡིས། །ས་སྟེངས་རྒྱས་པ་ཀུན་ཏུ་བཙལ་བྱས་ཀྱང༌། །ཕན་པའི་དོན་པོ་མན་ངག་དམ་ཚིག་སྟེ། །འདི་མེད་འགྲམ་རྩ་ཟད་པའི་ཁོང་རུལ་བཞིན། །ལེགས་པར་སྨིན་པས་དམ་ཚིག་བསྲུངས་བྱས་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ་བོ་ཞེས། །འགྲོ་བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཡང༌། །དྲི་མེད་རྒྱུད་ལས་ལེགས་གསུངས་མཐོང་བས་ན། །དབང་བླང་དམ་ཚིག་བསྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །ཞེས་པ་ལྟར་གྱི་དམ་ཚིག་གི་གནད་རྣམས་ལ་རྟོགས་དཔྱོད་མ་བརྗེད་ཙམ་བགྱིད་ཁུལ་བྱས་པར་བརྟེན་གནས་སྐབས་ཀྱི་རྟེན་འབྲེལ་ལེགས་ཚོགས་འགའ་ཞིག་ཀྱང་རང་འགྲིགས་ལྟ་བུ་བྱུང་ཞིང༌། ཐོས་དོན་ཉམས་ལེན་སྐོར་སོགས་ཀྱང༌། ཡི་དམ་ཆོས་སྲུང་ཚེ་ལྷ་ནོར་ལྷའི་སྐོར་སོགས་ཀྱི་གཞིའི་བསྙེན་པ་དུ་མ་མཐར་ཕྱིན་བསགས་པ་དང༌། རྒྱུན་དུ་ཡང་སྒོ་གསུམ་ཐ་མལ་ངང་ལ་མ་འབྱམས་པར་དགེ་སྦྱོར་ཅི་འགྲུབ་བགྱིད་ཁུལ་དང༌། རྒྱལ་བའི་དགོངས་འགྲེལ་རིན་པོ་ཆེའི་གཙོས་པུསྟི་སུམ་བརྒྱ་སྐོར་གྱི་ཞུ་དག་གི་ཞབས་འདེགས་བསྒྲུབས་པ་དང༌། གཙོ་ཆེར་བསྟན་འགྲོར་སྨན་འདོགས་ལྷུར་བླང་གི་འཆད་བརྩམས་སོགས་ལུས་སེམས་ཀྱི་གང་