[A:༣༩༦]ཅད་དོར་ནས། སེམས་ཅན་གྱི་དོན་དུ་བསྟན་པ་རིན་པོ་ཆེའི་ཁུར་བསྣམས་ཏེ། དེ་ཡང་ཕྱོགས་རིས་ཀྱི་སྡེ་སྐྱོང་བ་དང༌། ལོངས་སྤྱོད་མངའ་ཐང་ལ་མི་འཆམ་པའི་སྒོ་ནས་སྡེ་འཁྲུག་དང༌། རྒྱལ་ཁམས་ཀྱི་ཡོ་བྱུས་ཡིན་ཟེར་ནས་གཡོ་སྒྱུ་ཁྲམ་གསུམ་གྱི་མི་དགེ་བ་དུ་མས་རང་གཞན་ཐམས་ཅད་ཕུང་ཞིང་མི་དགེ་བ་འཕེལ་བའི་བྱ་བ་བྱེད་པ་རྣམས་སེམས་ཅན་གྱི་དོན་དང་བསྟན་པའི་ཞབས་ཏོག་བྱེད་པ་མ་ཡིན་ཏེ། གཞན་ཆོས་ལ་འཇུག་པ་ལ་རང་ཆོས་བཞིན་བྱེད་དགོས་པས། རང་ཆོས་བཞིན་བྱེད་པ་ནི་བསླབ་པ་གསུམ་ལ་ནན་ཏན་བྱེད་པ་དེ་ཉིད་སངས་རྒྱས་ཀྱི་བསྟན་པ་འཛིན་པ་དང༌། སེམས་ཅན་གྱི་དོན་ཡིན་གསུངས་ནས་ཆོས་རྗེ་ཉིད་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་དགོངས་ནས་སྔོན་གྱི་མཁས་གྲུབ་རྣམས་ཀྱི་ཚུལ་ལ་ཞུགས་ཏེ། གསུང་རབ་ལས་ཇི་སྐད་བཤད་པ་བཞིན་བསླབ་པ་གསུམ་ལ་ནན་ཏན་དུ་སྒྲུབ་པ་ལྷུར་ལེན་ཅིང་ཆོས་བཞིན་དུ་མཛད་དོ། །ཐ་ན་ཕུ་གསུམ་བྱང་གི་ཁང་སྟོང་ཅིག་ཏུ་ཞག་ས་ཅིག་མཛད་པས། དེའི་ཡུལ་པ་རྣམས་ཀྱིས་ངོ་མ་ཤེས་ནས། མི་མེད་ཀྱི་ཁང་པར་སྡོད་པ་ཟེར་ནས། དྲུང་སྐོར་རྣམས་ལ་བརྡེག་འཚོག་བྱས། སྤྱད་པ་མང་པོ་ཁྱེར་ཡང་རྗེ་བ་ཉིད་ཀྱིས་བར་མཛད་དེ། བཟའ་རྒྱུ་དང་ལ་ལ་ཁྱེད་ཁྱེར་ལ་མི་མཁོ་བ་རྣམས་ངེད་ལ་གཏོད་གསུངས་པ་དང༌། དྲུང་སྐོར་རྣམས་འདི་པ་ལ་ལེན་བྱེད་ཟེར་བས། རྗེའི་ཞལ་ནས་འོ་ཅག་ལ་འདི་ཀ་འདྲ་བྱུང་བའི་ལང་སུ་ལ་ཡང་ཡེ་མ་ཟེར་ཅིག །མ་གཅིག་པས་གསན་ན་འདི་པ་ལན་འདོན་ནོ་ཞེས་གཞན་ལ་གནོད་པ་བྱུང་གིས་དོགས་པའི་དམ་བཞག་ཆེར་མཛད་དོ། །དེ་ལ་སོགས་ཏེ་བདག་པས་གཞན་གཅེས་པར་འཛིན་པས་རང་ཉིད་ཀྱིས་འཇིག་རྟེན་གྱི་བྱ་བ་རྣམས་ལ་ཆེས་ཆེར་མི་འཛིན་ཅིང༌། གཞན་གྱི་འདོད་པ་གང་ཞུས་ཀྱང་དེའི་མི་ངོ་བཟློག་པར་གཞན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་སྟེ། གཞིས་ཀ་བཟང་པོ་དང་ཕྱག་རྫས་ཀྱི་དངོས་པོ་བཟང་ཞིང་བསམ་གྱིས་མི་ཁྱབ་པ་རྣམས་གཉེར་བ་ལ་སོགས་པས་རང་དགར་ལོངས་སྤྱོད་པས་མི་