[A:༣༨༧]པའི་ལོ་རྒྱུས་ལ་ཉེ་བར་མཁོ་བ་མདོར་བསྡུས་ཅིག་བརྗོད་ན། སྐྱེ་བ་བརྙེས་པ་དང༌། སྤངས་རྟོགས་ཀྱི་ཡོན་ཏན་བརྙེས་ཚུལ་ཕྲིན་ལས་ཀྱིས་གཞན་དོན་ཇི་ལྟར་མཛད་པའི་ཚུལ་དང༌། གསུང་ངག་ཇི་ལྟར་འཕེལ་ཚུལ་དང་བཞི་ལས། དང་པོ་སྐྱེ་བ་བརྙེས་ཚུལ་ནི། བོད་ཀྱི་སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་ནང་བློན་ཆེན་པོ། འཁོན་དཔལ་པོ་ཆེའི་སྲས། ཁྲི་མཛེས་ལྷ་ལེགས། ཚེ་ལ་དབང་ཕྱུག །ཀླུའི་དབང་པོ་སྲུང་བ། །ཚེ་འཛིན་དང་བཞི་ལས། ཚེ་འཛིན་གྱི་སྲས་སློབ་དཔོན་པདྨའི་དངོས་སློབ་རྡོ་རྗེ་རིན་ཆེན། དེའི་སྲས་ཤེས་རབ་ཡོན་ཏན། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེའི་སྲས་གཙུག་ཏོར་ཤེས་རབ། དེའི་སྲས་དགེ་སྐྱབས། དེའི་སྲས་དགེ་མཐོང༌། དེའི་སྲས་བལ་པོ། དེའི་སྲས་ཤཱཀྱ་བློ་གྲོས། དེའི་སྲས་ཆུང་བ་དཀོན་མཆོག་རྒྱལ་པོ། དེ་དག་ཐམས་ཅད་དཔལ་ཡང་དག་རྡོ་རྗེ་ཕུར་བ་ལ་ཡི་དམ་དུ་མཛད་པས་དངོས་གྲུབ་ཅི་རིགས་པ་ཐོབ་པ་ཤ་སྟག་བྱུང་ཞིང༌། ཕ་རོལ་ཏུ་ཕྱིན་པ་དང༌། སྔགས་རྙིང་མའི་གཞུང་དང་མན་ངག་དུ་མ་ལ་མཁས་པ་དགེ་བའི་བཤེས་གཉེན་གྱི་གདུང་བརྒྱུད་བར་མ་ཆད་པའོ། །དཀོན་མཆོག་རྒྱལ་པོའི་སྲས་ཆེ་བ་ས་ཆེན་ཀུན་དགའ་སྙིང་པོ། དེའི་སྲས་ཀུན་དགའ་འབར། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། དཔའ་ཆེན་འོད་པོ་བཞི་ལས། དཔལ་ཆེན་འོད་པོའི་སྲས་ས་སྐྱ་པཎ་ཆེན་དང༌། ཟངས་ཚ་བསོད་རྒྱལ་གཉིས། ཟངས་ཚའི་ཇོ་མོ་ལ་ཆོས་རྒྱལ་འཕགས་པ་དང༌། སློབ་དཔོན་ཕྱག་ན་གཉིས། ཕྱག་ནའི་སྲས་དྷརྨཱ་ཕ་ལ། ཡང་གཡོག་མོ་ཅིག་ལ་སློབ་དཔོན་ཡེ་འབྱུང་བྱུང་བ་ལས་སྲས་མིན་ཟེར་ཟངས་ཚས་ལེན་དུ་མ་འདོད་པ་ལ། རྗེ་བཙུན་ཆེན་པོས་སྲས་ཡིན་པར་མཁྱེན་ནས་བུ་ཚ་དེ་ཡང་ལོང༌། མི་རེས་པུས་མོ་ལ་བབ་པའི་དུས་འོང་པ་ཡིན་ཞེས་ལུང་བསྟན། དེའི་སྲས་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ། དེ་ཐམས་ཅད་སྔགས་དང་མཚན་ཉིད་ཀྱི་གཞུང་མན་ངག་རྒྱ་མཚོ་ལ་མངའ་འབྱོར་པ་