[A:༣༩༣]འཕགས་ཞབས། ཕྱག་རྡོར་བདེ་ཁྲོས། འཁོར་ཆེན། ཚེ་དཔག་མེད་གྲུབ་རྒྱལ་མ། ས་ལུགས་ཀྱི་ཡང་ཕུར། རྣམ་འཇོམས་བིར་ལུགས་ལ་སོགས་པའི་དབང་དང༌། པུ་ཏྲ་ལ་སོགས་པའི་རྗེས་གནང་མང་དུ་གསན། ཡང་ཇོ་གདན་མཁན་ཆེན་གཞོན་ནུ་མགོན་པོ་ལས་དབང་བྱིན་རླབས། མདོ་རྒྱུད་ཀྱི་གཞུང་འགྲེལ་མན་ངག་ཕྲན་མང་པོ་རྣམས་རྩད་བཅད་ཅིང་གཞན་ལ་ཞུ་རུ་བཏང་ནས་མང་དུ་གསན། ཡང་མཁན་ཆེན་བྱང་ཆུབ་རྩེ་མོ་ལས་སྒྲ་སྙན་ངག་ལ་སོགས་པ་གསན་སྦྱོང་མཛད་ཅིང༌། ཛམ་ནག་ལ་སོགས་པའི་མན་ངག་ཀྱང་ཅི་རིགས་པར་གསན་གསུངས། གཞན་ཡང་རིགས་དང་ཡོན་ཏན་ལ་སོགས་ཀྱི་ཁེངས་པ་མི་མཛད་པར་གང་ལ་ཅི་ལ་མཁས་པ་སུ་ལ་ཡང་འདྲི་བ་དང༌། རང་གཞན་ལ་ཆོས་ཀྱི་དག་ཐེར་ཁོ་ན་མཛད་པས་བསྟན་པ་གསལ་བར་མཛད། ཐ་ན་བྱ་བྲལ་བ་ལ་སོགས་པ་ཕལ་པ་ཅིག་ལའང་མཉམ་འགྲོགས་སུ་མཛད་ནས་ཆོས་གདམས་ངག་ཅུང་ཟད་ཤེས་པ་ཙམ་ཡང་ཕན་ཚུན་བརྡར་ཤ་གཅོད་པ་སོ་སོའི་བློ་ལ་ངེས་པར་མཛད་ཅིང་གངས་ཅན་གྱི་ཁྲོད་ན་ཐེག་པ་གསུམ་གྱི་ཆོས་ཀྱི་བཀའ་ལུང་མན་ངག་རྣམ་པར་དག་པ་འགྱུར་རོ་ཅོག་ཕལ་མོ་ཆེ་གསན་ཅིང༌། སྦྱོར་བྱུང་གི་བརྩོན་འགྲུས་ཕུལ་དུ་བྱུང་བས་བླ་མ་སོ་སོའི་བཞེད་སྲོལ། གསུང་སྒྲོས་ཕྱག་ལེན་རྣམས་མ་འདྲེས་པར་ཐུགས་སུ་ཆུད་པར་མཛད་དོ། །གཞན་ཡང་སྐུ་གཟུགས་མཆོད་རྟེན་ལ་སོགས་པའི་ཆགས་ཚད། གསེར་འགྱུར་ལ་སོགས་པ་བཟོའི་རིགས་དུ་མ་དང༌། ཡན་ལག་བརྒྱད་པ་ལ་སོགས་པ་གསོ་བ་རིག་པའི་གཞུང་མན་ངག་ལག་ལེན་དུ་མ་མཁྱེན་པར་མཛད། སཾ་སྐྲྀ་ཏ་ལ་སོགས་པའི་རྒྱ་དཀར་ནག །ཧོར་བོད་ལ་སོགས་པའི་ཡི་གེ་དང༌། སྒྲའི་བྱེ་བྲག་དུ་མ་མཁྱེན་ལ། དེ་དག་གི་དོན་སྤྱི་དང་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་མངོན་སུམ་དང་རྗེས་དཔག་ལུང་ཚད་མའི་སྒོ་ནས་གཏན་ལ་འབེབས་པ་ལ་ཐོགས་པ་མེད་པའི་གཏན་ཚིགས་རིགས་པ་དང༌། ཐེག་པ་