[A:༤༠༦]༅། །བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་པའི་རྣམ་ཐར་བཞུགས།།༄༅༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །རྗེ་བཙུན་དམ་པ་དཔལ་ལྡན་ཚུལ་ཁྲིམས་པ་ཞེས་མཚན་ཡོངས་སུ་གྲགས་པ་འདི་འཁྲུངས་ཡུལ་ནི། འབྲིང་མཚམས་མུངས་ཟངས་ཀྱི་འབྲས་ཁུད་སྒང་སྐྱ་ཞེས་བྱ་བར། ཡབ་བླ་མ་དར་མ་རྒྱལ་མཚན། ཡུམ་རིན་ཆེན་སྐྱོང་ཞེས་བྱ་བའི་སྲས་གཅིག་པོ་ཡིན། ཆུང་ངུ་ནས་འཁོར་བ་ལ་སྐྱོ་ཤས་ཆེ་ཞིང་བླ་མའི་ཚུལ་འཛིན་པ་ཅིག་ཡོད་པས། ཡབ་ཀྱི་བུ་སློབ་ཀུན་གྱིས་ཕྱག་འཚལ་བ་དང༌། བླ་མ་བུ་ཆུང་བ་ཞེས་གྲགས་པ་བྱུང༌། དགུང་ལོ་བཞི་པའི་དུས་སུ་ཡབ་ལས་ཀྱེ་རྡོར་དང་ཕྱག་རྡོར་གྱི་དབང་གསན། ཀློག་ཡིག་ཀྱང་བརྡ་བསྟན་པ་ཙམ་གྱིས་མཁྱེན་ནོ། །དགུང་ལོ་བརྒྱད་པའི་དུས་སུ་ཡབ་གྲོངས་ནས། བུ་སློབ་དང་ཉེ་ཚན་ཀུན་གྱིས་ཡབ་ཀྱི་དགོན་པ་དབུ་རི་ཞེས་བྱ་བ་ཡོད་པ་དེར་བཞུགས་ནས་ཡབ་ཀྱི་གདན་ས་བྱེད་དགོས་ཟེར་བ་བྱུང་ནའང༌། ཡུལ་དུ་བཞུགས་པ་ལ་ཡེ་མི་དགྱེས་པར་རབ་ཏུ་བྱུང་བ་ཅིག་མཛད་པར་དགོངས་ཏེ། ཡུམ་གཅིག་ཅིང་ཡབ་མི་གཅིག་པའི་ཕུ་བོ་བླ་མ་རྒྱལ་རིན་པ་བྱ་བ་ཅིག་ཡོད་པ་ལ། ང་བཙུན་པ་བྱེད་ཅེས་ཡང་ནས་ཡང་དུ་བསྙད་པས། ཁོ་ན་རེ། བཙུན་པ་བྱེད་ན་ས་སྐྱ་ན་ཇོ་གདན་ཚོགས་པ་བཞུགས་ཟེར་བས་དེར་བྱས་པ་དྲག་གསུངས་ནས། ས་སྐྱར་ཡབ་ཀྱི་གཤེགས་བརྫོངས་ཀྱི་སྐུ་སྐལ་སྒྲུབ་པ་དང་བཙུན་པ་བྱེད་པ་ལ་བྱོན་ཏེ། ལྷ་ཁང་ཆེན་མོར་དགེ་འདུན་སྒང་པའི་ཚོགས་པ་བཞུགས་