[A:༤༠༧]འདུག་པས་དེའི་མཁན་པོ་དོན་གྲུབ་དཔལ་བའི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ཡང་དཔལ་ལྡན་ཚུལ་ཁྲིམས་ཞེས་བྱ་བར་བཏགས་སོ། །མཁན་པོ་དེ་ཉིད་ལས་འདུལ་བ་མདོ་རྩ། སོ་སོར་ཐར་པ་ཀ་རི་ཀ་ལྔ་བཅུ་པ་ལ་སོགས་པ་གསན་ནོ། །དགུང་ལོ་བཅུ་གཅིག་པ་ལ་ཆོས་རྗེ་རི་ཁྲོད་པ་དང་མཇལ་ནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གསན་པས་མོས་གུས་ཚད་མེད་པ་སྐྱེས་ཏེ། བླ་མ་འདི་ངའི་ཚེ་སྔ་མ་ནས་ཀྱི་བླ་མ་ཅིག་ཡེ་ཡིན་ད་འདིའི་རྗེས་ལ་འགྲོ་དགོས་བསམས་ཏེ། ཕུ་བོ་ལ་བྱས་པས། ཁོང་གི་བླ་མ་ལ་ཞུས་པས་བླ་མ་ཡང་ཤིན་ཏུ་མཉེས་ཏེ། འདི་ལ་ངའི་བུ་བྱེད་དོ་གསུངས་ནས་ཆག་ཕྱིར་བྱོན། དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་དུ་དབང་བསྐུར་བ་ཞུས། དེ་ནས་རེས་ཅིག་ས་སྐྱར་བཞུགས་ཏེ་རྒྱུད་གསུམ་ལ་གཟིགས་རྟོག་མཛད། ཆོས་རྗེ་པ་བྲག་ཕུག་ཏུ་བྱོན་རྗེས་སུ་ཆོས་རྗེ་པའི་ཞལ་ཏས་བྲག་ཕུག་ཏུ་ཤོག་གསུང་པ་བྱུང་ནས། བྲག་ཕུག་ཏུ་ཕྱིན་ནས་ཆོས་རྗེ་པ་དང་མཇལ་བས། ད་ཁྱོད་དགོན་པ་འདིར་བསྡད། སྒོམ་ཆེན་ཅིག་བྱས་པ་དྲག་གསུངས་ནས། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཡོངས་སུ་རྫོགས་པར་གནང་སྟེ། བྲག་ཕུག་གི་དགོན་པ་བྱིངས་པོའི་མཐོར་བ་ཅིག་ཏུ་སྤྱིལ་པོ་ཅིག་མཛད་ནས་ལོ་དྲུག་གི་བར་དུ་སྒྲུབ་པ་མཛད་པས་ཉམས་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་འཁྲུངས། བླ་མའི་གསུང་ནས་ཁྱོད་ལ་སྒོམ་དགའ་མོ་ཅིག་སྐྱེས་འདུག །སྒོམ་ཆེན་པ་ཕེར་བ་འདུག་གསུངས་ནས་གེགས་སེལ་ལ་སོགས་པའི་གདམས་ངག་ཐུན་མོང་མ་ཡིན་པ་རྣམས་ཀྱང་ཡོངས་སུ་རྫོགས་པ་གནང༌། གཞན་ཡང་སྦྱོར་དྲུག་ལ་སོགས་པའི་ཁྲིད་ཀ་མང་པོ་དང༌། བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་དབང་ལ་སོགས་པ་བདེ་མཆོག་གི་སྐོར་ཡོངས་སུ་རྫོགས་པ་དང༌། གཞན་ཡང་འཇིགས་བྱེད། གཤེད་དམར། གསང་འདུས། སྒྲོལ་མ་ལ་སོགས་པའི་དབང་དང༌། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང་ལ་སོགས་པ་ཡོངས་སུ་རྫོགས་པར་གནང༌། དེ་ནས་ཁྱོད་སྒོམ་གཤའ་མ་ཅིག་