[A:༤༠༩]རྫོགས་རིམ་གྱི་མན་ངག་མང་པོ་གནང༌། ཐུགས་རྗེས་ཤིན་ཏུ་འཛིན་པར་བྱུང་གསུངས། དེ་ནས་ཡང་སྐབས་ཤིག་ལ་ཤངས་ཀྱི་དཀར་པོ་བྲག་པ་མཁས་གྲུབ་རིན་ཆེན་སེང་གེའི་དྲུང་དུ་བྱོན་ཏེ། ལོ་གསུམ་གྱི་བར་དུ་བཞུགས་ནས་མཁས་གྲུབ་རིན་ཆེན་སེང་གེ་པས་ཆོས་རྗེ་ཉན་ཆེན་པའི་དྲུང་དུ་གསན་པའི་གསུང་ངག་རིན་པོ་ཆེའི་བཀའ་ལུང་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ཅིང༌། བླ་མ་ཡང་ཤིན་ཏུ་མཉེས་ཤིང་ཐུགས་ལ་འདོགས་པར་བྱུང་གསུང༌། ཡང་སྐབས་ཤིན་ཏུ་ཆོས་རྗེ་བ་ལུང་པ་ལས་ནི་གུ་ཆོས་དྲུག་སོགས་ཤངས་པ་བཀའ་རྒྱུད་ཀྱི་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་པས་ཐུགས་དམ་བཟང་པོ་འཁྲུངས། བླ་མའི་གསུང་གིས་དོ་ནུབ་རྨི་ལམ་ཟུང་ལ། ངེད་ཀྱི་གཟིམས་ཁང་གི་ནང་ཡ་གི་ལྟོས་དང་གསུངས། རྨི་ལམ་བཟུང་ནས་བལྟས་པས་གཟིམས་ཁང་གི་ནང་ཞལ་བ་དམར་པོ་བྱས་པ་དབྱིབས་དང་ཆགས་ཚུལ་འདི་འདྲ་ཅིག་གདའ་ཞུས་པས། སྐོར་རེ་འདུག་གིས་གསུངས་ནས་བླ་མ་ཡང་མཉེས། མཁས་གྲུབ་ཆོས་རྗེའི་ཐུགས་དམ་མགོན་པོའི་གཏོར་དབང་མཛད་དུས་གཏོར་མ་ལ་འཛུག་པའི་མགོན་པོའི་ཐང་སྐུ་ཆུང་ངུ་བྱིན་རླབས་ཅན་ཅིག་ཡོད་པ་ཡང་གནང་ངོ༌། །དགུང་ལོ་ཉེར་དྲུག་པ་ཁྱི་ལོ་ལ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་དྲུང་དུ་བྱོན་ཏེ། དེ་ནས་བཟུང་སྟེ། ཆོས་རྗེ་བདེ་བར་མ་གཤེགས་ཀྱི་བར་ལོ་བཅུ་བདུན་གྱི་བར་དུ་ཆག་ཕྱིར་འབྲངས་ཏེ། ཆོས་རྗེ་ལ་མངའ་བའི་བཀའ་ལུང་མན་ངག་ཡོངས་སུ་རྫོགས་པར་གསན་པ་ནི། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བཀའ་ལུང་མན་ངག་རྣམས་མ་ལུས་པར་གསན་ཏེ། ཉམས་ལེན་དང༌། ལག་ལེན་དང༌། ཡིག་ཆའི་ལུང་ཕྲན་ཚེགས་མཐར་ཐུག་པ་ཡང་མ་ལུས་པར་གསན་ཅིང་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །གཞན་ཡང་ལམ་སྐོར་ལྷག་མ་རྣམས་ཀྱི་ཁྲིད་དང་བྱིན་རླབས་དཔེ་ལུང་གི་བར་དུ་ཡོངས་སུ་རྫོགས་པར་གསན་ནོ། །གཞན་ཡང་ས་སྐྱ་པའི་ལུགས་ཀྱི་དབང་དང་བྱིན་རླབས་རྗེས་གནང་མན་ངག་ཕྲ་མོ་དང་བཅས་