[A:༤༠༨]བྱེད་ན་མདོ་རྒྱུད་ཀྱི་པུསྟི་བསླབ་དགོས་པས་རྒྱུད་གསུམ་འདི་རང་རེ་བྲག་ཕུག་པའི་ཕ་ཆོས་ཡིན་པས་སློབས། ངས་བཤད་ཀྱིས་གསུངས་ནས་གསུངས་པས་ལོ་ཕྱེད་དང་གཉིས་ཙམ་ནས་ཡོངས་སུ་རྫོགས་ཏེ། མདོར་ན་བྲག་ཕུག་པ་ནས་བརྒྱུད་པའི་བཀའ་ལུང་མན་ངག་བྱིན་རླབས་ལ་སོགས་པ་ཆོས་རྗེ་ཉིད་ལ་བཞུགས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་སྟེ། དགུང་ལོ་བཅུ་གསུམ་པ་ནས་ཉི་ཤུ་རྩ་གཉིས་ཀྱི་བར་དུ་ན་བཟའ་བྲག་ཕུག་ཏུ་བཞུགས་སོ། །ཉི་ཤུ་རྩ་གཅིག་པ་ལ་ཆོས་རྗེ་བླ་མ་དམ་པའི་དྲུང་ནས་མཁན་པོ་ཞུས། ཆོས་རྗེ་རི་ཁྲོད་པ་སློབ་དཔོན། དྲུང་དཀོན་མཆོག་རྒྱལ་བ་གསང་སྟེ་སྟོན་པ། འདུལ་ཆུང་མཁན་པོ་རྒྱལ་བཟང་བས་གྲིབ་ཚོད་མཛད་དེ། དད་པའི་དགེ་འདུན་བཅུ་ཕྲག་ལྷག་གཅིག་གི་དབུས་སུ། ན་བཟའ་བྲག་ཕུག་གི་གཟིམས་ཁང་དུ་བསྙེན་པར་རྫོགས་པར་མཛད་དོ། །དགུང་ལོ་རྩ་གསུམ་པ་ལ་བྱང་ཆུབ་རྫོང་དུ་བྱོན་ནས་ལོ་གསུམ་གྱི་བར་དུ་སྒྲུབ་པར་མཛད། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ། ཆོས་རྗེའི་གསུང་གིས་གོང་མའི་ཕྱག་དཔེ་ཐུགས་དམ། ལྷ་རྟེན་འདི་པ་ཟུང་ལ་གཟིམས་ཁང་འདི་ལ་ཆོས་རྗེ་པ་ཐུགས་ཞེན་ཆེན་པོ་མཛད། དགེ་སྦྱོར་འཕེལ་པོ་འོང་བའི་གནས་ཡིན་པས། ཉིད་ཀྱིས་ང་ཇི་ལྟར་བྱེད་པ་བཞིན་གྱིས་ལ་བླ་མ་གྱིས། དགེ་སློང་རིན་རྒྱལ་གྱིས་ཉེ་གནས་གྱིས་ལ་སྒྲུབ་པ་ལ་ནན་ཏན་དུ་གྱིས་གསུངས། དེ་ནས་ཆོས་རྗེ་རི་ཁྲོད་པ་གནས་དེ་ཉིད་དུ་ཞི་བར་གཤེགས། དེ་རྗེས་གཤེགས་བརྫོངས་དང༌། ནང་རྟེན་ལ་སོགས་པ་ཐུགས་དགོངས་རྫོགས་པའི་ཐབས་རྣམས་ལེགས་པར་མཛད་ནས་ཞལ་ཏ་བཞིན་བྱང་ཆུབ་རྫོང་དུ་ཐུགས་དམ་ཁོ་ན་ལ་བཞུགས་པས་ཉམས་རྟོགས་ཤིན་ཏུ་འཕེལ་བ་བྱུང་གསུངས། དགུང་ལོ་སུམ་ཅུ་སོ་བཞི་པའི་དུས་སུ། ཞ་ལུ་རི་ཕུག་ཏུ་བུ་སྟོན་རིན་པོ་ཆེའི་དྲུང་དུ་བྱོན་ནས། ཡོ་གའི་སྐོར་གྱི་དབང་དང༌། གཤེད་དམར་གསང་འདུས་ལ་སོགས་པའི་དབང་བཀའ་མང་པོ་དང༌། གསང་འདུས་རིམ་ལྔ། ཤིན་ཏུ་སྤྲོས་མེད་ལ་སོགས་པ་