[A:༤༡༧]ཅན་འཁྲུངས་སོ། །དེ་ནས་ཤིང་ཁང་དུ་ཆོས་འབྲེལ་ཞུས་པས་གསུང་ངག་རིན་པོ་ཆེའི་བླ་མའི་རྣལ་འབྱོར་ལ་འཕོ་བ་དང་བར་དོའི་མན་ངག་ཞིབ་མོ་ཅིག་ནན་ཏན་མཛད་ནས་གནང༌། དེ་དུས་སྦྱོར་དྲུག་གི་དམིགས་པ་ཞུ་ཚར་བའི་དགེ་བཤེས་འགའ་ཞིག་ལ་ཆོས་རྗེ་ཉིད་ཀྱིས་མཛད་པའི་ངོ་སྤྲོད་ཆེན་མོ་གསུང་གིན་འདུག་པ་དེ་ཐོས་པར་འདོད་ནས། ཁྲིད་གཉེར་ལ་བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་འདུག་པ་ལ་ཞུ་བ་བསྐུར་བས། ཁྱོད་ཀྱིས་ཁྲིད་ཨེ་ཐོབ་གསུངས། མ་ཐོབ་བྱས་པས་འོ་ན་མི་འོང༌། ཞུ་དགོས་ཟེར་ན་ཞུ་བ་བྱ་གསུང༌། རྒྱུ་མཚན་ཞུས་པས་ཁར་སང་ཡུན་རིང་བྱིན་རླབས་ཞུ་མཁན་དེ་ཡིན་ན་བྱ་གསུངས། བླ་མ་བརྒྱུད་པའི་རྣམ་ཐར་ཡན་ཆད་སོང་འདུག །དེ་མན་ཆད་རྫོགས་པར་གནང༌། དེ་དུས་ཁྲིད་མ་ཐོབ་ཀྱང་སྣང་བ་དེ་ད་ལྟ་སྦྱོར་དྲུག་གི་མྱོང་བ་ཅུང་ཟད་འོང་བ་དེ་མཁྱེན་པར་འདུག་གསུངས། གཞན་མང་པོ་ཆོས་འབྲེལ་ཞུ་ཡིན་འདུག་ནའང་སུམ་པ་ལོ་ཙཱ་བའི་བློ་སྦྱོང་ཐོབ། ཡང་ལན་ཅིག་ཉང་སྟོད་མག་པའི་དགེ་བཤེས་གཉིས་ཀྱིས་ཞུས་པའི་ཞར་ལ་གསང་འདུས་རིམ་ལྔའི་ཉམས་ལེན་རྒྱས་པ་ཅིག་ཐོབ། དེ་རྣམས་ཀྱི་རྟེན་འབྲེལ་གྱི་ཕྱིས་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལས་གསུང་ངག་རིན་པོ་ཆེ། རིམ་ལྔ། སྦྱོར་དྲུག་གསུམ་གྱི་མན་ངག་རྒྱས་པར་ཐོབ་པ་དང་དེ་གསུམ་ལ་གོ་མྱང་ཆ་སེ་བ་ཡོད་པ་འདི་དང༌། གཞན་རེར་ཙམ་ལ་ཕན་པ་ཅུང་ཟད་བྱུང་བ་ཡིན་གསུངས། གཞན་ཡང་འགྲོ་མགོན་ཆོས་རྗེ་ཉིད་ལ་སྔ་སོར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལན་གསུམ། རྣམ་འགྲེལ། དུས་འཁོར། རྒྱལ་སྲས་ལམ་བཟང་རྣམས་ཀྱི་ཆོས་ཐུན་འགའ་རེ་གསན་ནོ། །དུས་ཕྱིས་སྦྲུལ་གྱི་ལོ་ལ་དཔལ་ལྡན་ས་སྐྱར་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལ་ཤར་སྟོད་ཀྱི་གཟིམས་ཁང་དུ་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་ཞུས་ནས་གསུང་ངག་རིན་པོ་ཆེའི་ཁྲིད་གཞུང་བཤད་ལ་སོགས་མན་ངག་ཕལ་ཆེར་རྫོགས་པ་ཅིག་ཞུས། བླ་མ་ལ་དད་པ་དང་མན་ངག་ལ་ཡིད་ཆེས་བསམ་གྱིས་མི་ཁྱབ་པ་སྐྱེས་གསུངས།