[A:༤༢༡]ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྒྱས་པར་མཛད་པས། མཁྱེན་པའི་ཡེ་ཤེས་ཚད་མེད་པ་མངའ་བ་ཡིན་ནོ། །གཞན་ཡང་བདག་ཅག་གི་བླ་མ་ཐུགས་རྗེ་ཆེན་པོ་འདི་ནི་མཉམ་གཞག་ཏུ་སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མར་གཟིགས་ནས། དེ་རྣམས་ལ་བྱམས་པ་དང༌། སྙིང་རྗེ་དང༌། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རྒྱུན་ལྡན་དུ་བསྒོམས་པས་རྗེས་ཐོབ་ཏུ་གཞན་དབུལ་པོ་དང༌། ནད་པ་དང༌། སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་ཕན་པ་ཁོ་ན་སྒྲུབ་པར་མཛད་དེ། ཡུལ་གཞན་ཐག་རིང་པོར་ནད་དང་སྡུག་བསྔལ་གྱིས་ཉེན་པ་གསན་ན། དེ་ལ་དམིགས་ཏེ་བདག་གཞན་མཉམ་བརྗེའི་བྱང་སེམས་མང་པོ་རེ་མཛད་ལ་དེ་ཙམ་ཐུགས་ལོང་མ་བྱུང་ན་ཡང་བརྒྱ་རྩ་རེ་མཛད་པ་སྲོལ་དུ་སྣང་ངོ༌། །དེ་ལྟར་བྱང་ཆུབ་ཀྱི་སེམས་རྒྱུན་དུ་སྦྱངས་པས་བརྩེ་བའི་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མངའ་བ་ཡིན་ནོ། །གཞན་ཡང་འགྲོ་བ་མང་པོ་ལ་ཟང་ཟིང་གི་སྦྱིན་པའི་སྒོ་ནས་ཕན་པ་མཛད་དེ། རྗེ་ཉིད་ཀྱི་ཡབ་ཧོར་ཡུལ་དུ་བྱོན་པས་དངོས་པོ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་དེ་དག་ལ་འཛིན་པ་ཅུང་ཟད་ཀྱང་མི་མངའ་བ་ཕལ་ཆེར་ཡབ་ཡུམ་གཉིས་ཀྱི་དོན་དུ་རྫོགས་པར་མཛད་ཅིང༌། བར་སྐབས་སུ་ཆུད་ཁའི་ཆབ་འོག་ཏུ་མུ་གེ་བྱུང་བའི་ཚེ། དངུལ་བྲེ་ཆེན་ཅིག་གིས་ཐོག་དྲངས་པའི་ནང་ནོར་ཡོངས་སུ་རྫོགས་པ་ཆུད་ཁ་སྡེ་པ་ལ་བཙོངས་ན་རིན་གྱི་ནས་རྣམས་ཀྱིས་སེམས་ཅན་བཀྲེས་པས་གཟིར་བ་རྣམས་ཚིམ་པར་བྱས་པ་དང༌། བདེ་བར་མི་གཤེགས་པའི་ལོ་གསུམ་གྱི་གོང་དུ་ཞིང་གཞིས་གང་ཡོད་རྣམས་བཙོངས་ནས་དེ་དག་གི་ཆ་རྐྱེན་རྣམས་དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་རྣམས་ལ་ཕུལ་ནས་མཐར་ཆོས་ཀྱི་སྐུ་མངོན་དུ་མཛད་པ་ན། རྡོ་རྗེ་དྲིལ་བུ་དང་ནང་མཆོད་དང་བཅས་པའི་མཆོད་ཆ་ཅུང་ཟད་ཅིག་དང༌། སྣམ་སྦྱར། ལྷུང་བཟེད། ན་བཟའ་ཉུང་ཟད་ཅིག །བཞུགས་གདན་དབུ་རྟེན་དང་བཅས་པ་ཅིག་མ་གཏོགས་གསེར་སེ་གཅིག་གམ། ནས་ཁལ་གཅིག་ཏུ་ལོངས་པ་མེད་པར་སྦྱིན་པ་གཏོང་བ་ཡིན། བྱེ་བྲག་ཏུ་ཏིང་ངེ་འཛིན་དོན་དུ་གཉེར་བའི་གང་ཟག་བྱུང་ན་ཟས་གོས་ཀྱི་