R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 251
[A:251]བྱིན་གྱིས་རློབས། །ཐེག་མཆོག་ལམ་སྟོན་བསོད་ནམས་རྒྱལ་མཚན་དཔལ། །ཐེག་ཆེན་ཆོས་རྒྱལ་ཀུན་དགའ་བཀྲ་ཤིས་ཞབས། །ཐེག་ཆེན་ཆོས་རྗེའི་ཐུགས་སྲས་ཀུན་དགའ་ལེགས། །ཐེག་མཆོག་ལམ་གྱིས་འགྲོ་ཀུན་གྲོལ་བྱེད་ཤོག །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །རྡོ་རྗེ་བླ་མ་རྗེ་བཙུན་ཀུན་སྤངས་ཞབས། །རྡོ་རྗེ་འཛིན་པའི་དེད་དཔོན་ཀུན་དགའི་མཚན། །རྡོ་རྗེ་བཞི་ཡི་གོ་འཕང་ཐོབ་པར་ཤོག །ཀུན་བཟང་བླ་མའི་ཐུགས་སྲས་ཚར་པ་རྗེ། །ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་ཕྱུག་ཞབས། །ཀུན་དགའི་ལམ་སྟོན་བྱམས་པ་སྐལ་བཟང་རྗེ། །ཀུན་ནས་འགྲོ་བའི་འདྲེན་པར་འགྱུར་བར་ཤོག །གསང་སྔགས་མཛོད་འཛིན་དབང་ཕྱུག་རབ་བརྟན་དཔལ། །གསང་ཆེན་སློབ་བཤད་འཛིན་པ་མགོན་པོའི་མཚན། །གསང་སྔགས་གསར་རྙིང་འཛིན་གཙོ་རྒྱལ་དབང་ཞབས། །གསང་བདག་བཞིན་དུ་གསང་མཛོད་འཛིན་པར་ཤོག །གསང་ལམ་ཟབ་སྟོན་ངག་དབང་བསྟན་འཛིན་གྱིས། །གསང་སྔགས་ཐོས་པའི་རྒྱ་མཚོ་ཕྲིན་ལས་པར། །སྐྱབས་འགྲོ་སེམས་བསྐྱེད་ཟུང་འབྲེལ་སྔོན་འགྲོའི་ལམ། །བསྐྱེད་རྫོགས་ཟུང་འབྲེལ་ཟབ་མོ་དངོས་གཞིའི་ལམ། །བསྔོ་བ་སྨོན་ལམ་ཟུང་འབྲེལ་རྗེས་ཀྱི་ལམ། །སྟན་ཐོག་གཅིག་ཏུ་ཟུང་འབྲེལ་བསྒོམ་པར་ཤོག །སྣང་སྟོང་དབྱེར་མེད་ཆུ་ཟླ་འཇའ་ཚོན་ལྟར། །རང་ལུས་ཅིར་སྣང་འཕགས་པའི་སྐུར་བསྒོམ་ཞིང༌། །གྲག་སྟོང་དབྱེར་མེད་བྲག་ཆའི་སྒྲ་བརྙན་ལྟར། །སྒྲ་རྣམས་ཡིག་དྲུག་བཟླས་པར་ཤེས་པར་ཤོག །རིག་སྟོང་དབྱེར་མེད་མ་བཅོས་སེམས་ཉིད་འདི། །རྩོལ་མེད་ཞི་ལྷག་རང་གྲོལ་ལྷུག་པའི་ངང༌། །སྒོམ་མེད་རྣམ་པར་མི་རྟོག་དབྱིངས་ཉིད་དུ། །ཡེངས་མེད་རྩེ་གཅིག་ཉམས་སུ་ལེན་པར་ཤོག །ཟས་གོས་གནས་མལ་གཉིད་དང་འཕོ་བ་དང༌། །བར་དོ་ཐ་མལ་སྣང་བར་མ་ཤོར་བར། །རྗེས་སྤྱོད་སྤྱོད་ལམ་