R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 7
[A:7]བུ་ཡི་ཐེག་པ་གསང་སྔགས་གསར་མའི་སྐོར། ལྔ་པ་གསང་སྔགས་རྙིང་མའི་དབང་རྗེས་གནང་མན་ངག་ལུང་གི་སྐོར། དྲུག་པ་སྤྱི་བཀའ་ཟུར་བཀའི་རྗེས་གནང་གི་སྐོར། བདུན་པ་མན་ངག་ཁྲིད་ཀྱི་སྐོར། བརྒྱད་པ་བཀའ་འགྱུར་ལུང་གི་སྐོར། དགུ་པ་བསྟན་འགྱུར་ལུང་གི་སྐོར། བཅུ་པ་བོད་གཞུང་དཔལ་ས་སྐྱ་པའི་བཀའ་འབུམ་སྐོར། བཅུ་གཅིག་པ་བོད་གཞུང་སྣ་ཚོགས་ཀྱི་སྐོར། བཅུ་གཉིས་པ་རིག་གནས་སྣ་ཚོགས་ཀྱི་སྐོར། བཅུ་གསུམ་པ་བསྔོ་སྨོན་བཀྲ་ཤིས་ཀྱི་སྐོར་རོ། །ཐོབ་ཡིག་བུམ་པ་བཟང་པོ་ལས། གླེང་གཞི་མདོར་བསྟན་གྱི་ལེའུ་སྟེ་དང་པོའོ།། །། ༈ དེ་ལ་གསན་ཡིག་ཕལ་ཆེར་བསྒྲིགས་རིམ་མི་འདྲ་ཡང་འགལ་བ་ཅི་ལ་ཡོད། འདིར་རིམ་འཇུག་པའི་དབང་དུ་བྱས་ཏེ། རང་ལོ་བཅུ་པར་ཡར་འབྲོག་ཐེག་མཆོག་རྒྱུད་སྡེ་ཚལ་གཙང་དགོན་དུ་བསྒྱུར་བའི་དུས་དཔལ་གསེར་གླིང་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བྱམས་པ་ཤཱཀྱ་རྡོ་རྗེའི་ཞབས་དྲུང་དུ་ལུས་བསྒྱུར་མིང་སྤོས། གཙུག་ཕུད་ཕུལ། ཚིགས་བར་པ་དགེ་ཚུལ་དུ་བསྒྲུབས་པའི་བརྒྱུད་པ་ནི། ཐུ་མིའི་གདུང་སྡེ་པ་ཡར་རྒྱབ་པའི་དབོན་བླ་ཆེན་ཀུན་དགའ་བསོད་ནམས་ལ་སྒྲུབ་པ་གནང་འདུག་པས་འོག་བསྙེན་རྫོགས་མཁན་བརྒྱུད་དང་འདྲའོ། །རང་ལོ་ཉེར་གཉིས་པར་པཎ་ཆེན་ཀུན་དགའ་བཀྲ་ཤིས་པའི་ཞལ་སྔ་ནས་མཁན་སློབ་དགེ་འདུན་དང་བཅས་པའི་དྲུང་དུ་བསྙེན་པར་རྫོགས་ཁུལ་བྱས་ནའང༌། ཁོང་རྣམ་པ་ལས་ཆོག་ལ་ཤིན་ཏུ་མ་འདྲིས་པས། ལས་ཆོག་གི་དཔེ་ཀློག་པའི་ཚེ་དབྱངས་ཡིག་སྒྲོག་པ་ལྟར་ཚིག་ལྷད་མང་ཞིང༌། སྡོམ་པ་སྐྱེས་ཐོབ་ཀྱི་བརྡའ་འཕྲོད་པ་མི་གསལ་བས་ཐེ་ཚོམ་གྱི་ངང་དུ་དར་ཅིག་བསྙེན་པར་རྫོགས་པའི་དབང་དུ་བྱས། སླར་དེ་དུས་སྡོམ་པ་ཐོབ་པར་སོང་ན་འབུལ་ཆོག་དགོས་པར་བཞེད་པའི་ལུགས་ལྟར། བླ་མ་རབ་འབྱམས་པ་རིན་