[A:༤༤༢]འཇུག་རྣམས་རྫོགས་པར་གསན་ནོ། །སྐུ་ནས་གཞོན་ནུའི་དུས་སུ་ས་སྐྱ་ན་བཞུགས་པའི་དགེ་བའི་བཤེས་གཉེན་བཟང་བ་ཕལ་ཆེ་བའི་སྐུ་མདུན་དུ་བྱོན་ཏེ། གྲུབ་མཐའ་དང་ཕྱག་ལེན་ལ་སོགས་པའི་དྲི་བ་དང༌། ཕྱག་དཔེའི་རིགས་སུ་ལ་ཅི་འདུག་གི་རྟོག་དཔྱོད་མཛད་པ་ན། ཟུར་ཁང་པའི་དགེ་བའི་བཤེས་གཉེན་དགེ་སློང་མགོན་པོ་དཔལ་ཞེས་བྱ་བས་དཀར་ལོགས་ན་བཞུགས་པ་ཅིག་ཡོད་པ་ན་རེ། ས་སྐྱ་པའི་ཆོས་ལེགས་པོ་ཅིག་ཤེས་པར་འདོད་ན། བླ་མ་གོང་མའི་གསུང་རབ་ལ་ལྟ་རྟོག་ལེགས་པོ་བྱེད་དགོས་པ་ཡིན་ཞེས་གསུང་བས། དེ་ལ་ཐུགས་ངེས་ཤེས་གཏིང་ནས་འགྲོངས་ཏེ། དེ་ཤིན་ཏུ་བདེན། ཅི་ནས་ཀྱང་དེ་ལྟ་བུ་ཅིག་བྱ་དགོས་སྙམ་དུ་དགོངས་ཏེ། །ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ་ཡང༌། འོ་སྐོལ་ཀྱི་བླ་མ་གོང་མའི་གསུང་རབ་འདི་ཚོ་དར་བ་ཅིག་བྱུང་ན། ས་སྐྱ་པའི་བསྟན་པ་ལ་ཁྱད་ཆེ་བར་གདའ་སྟེ། ཞེས་ཞུས་པས། དེ་བཞིན་ཅིས་ཀྱང་བྱེད་པས། ཁྱེད་ཀྱིས་ཀྱང་བླ་མ་གོང་མའི་དཔེ་ཆ་གང་ན་ཅི་འདུག་གི་རྩད་གཅོད་ལེགས་པོ་གྱིས་ཤིག་གསུང༌། ཁོང་པ་རང་གི་སྔར་ལོ་དེས་རྡོར་བསོད་ཀྱི་ཊི་ཀའི་སྟེང་ནས་བརྟག་གཉིས་ལ་ཐུགས་སྦྱོང་མཛད་པ། ཕྱིས་དག་ལྡན་ལ་བསྒྱུར་བ་སོགས་བླ་མ་གོང་མའི་གསུང་རབ་ལ་གཟིགས་རྟོག་ལེགས་པོ་མཛད་ནས་བཤད་ཉན་གྱིས་གཏན་ལ་ཕབ་ཅིང༌། དག་ལྡན་ཁ་སྐོང་ལ་སོགས་པའི་ཡིག་ཆ་བཟང་པོ་ཡང་མཛད་ནས་ས་སྐྱ་པའི་དགེ་བའི་བཤེས་གཉེན་མང་པོ་ལ་གསུངས་པས། ཐམས་ཅད་ལ་ཡང་ཐུགས་སྐྱེད་ཆེན་པོ་བྱུང༌། ཁྱད་པར་དུ་ཡང་ཆོས་རྗེའི་འདི་ཉིད་དེ་དུས་ཀྱི་གསན་མཁན་རྣམས་ཀྱི་ནང་ན། སྐུ་ནས་གཞོན་ཤོས་ཡིན་ཀྱང་ལྷག་པར་ཐུགས་བསྐྱེད་ཆེ་ཞིང་ཚིག་དོན་ཐམས་ཅད་ལ་ཕུལ་དུ་ཕྱིན་པར་ཐག་ཆོད་པ་ཡིན་ནོ། །རྗེའི་ཞལ་སྔ་ནས་ཀྱང༌། གོང་མའི་གསུང་རབ་ཀྱི་དཔེ་ཆའི་རྩད་གཅོད་ལ་ཐུགས་རྩོལ་ལེགས་པོ་མཛད་ནས། དཔེ་ཆ་འགའ་རེ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ལ་ཡང་གཟིགས་པ་ཕུལ། ཆོས་རྗེ་པ་རང་གི་གཟིགས་རྟོག་མཐར་ཕྱིན་པར་མཛད་པས་གོང་མའི་གསུང་རབ་ཀྱི་དགོངས་པ་དཔྱིས་ཕྱིན་པར་ཐུགས་སུ་ཆུད་དེ། བླ་མ་