[A:༤༤༣]གོང་མ་རྣམས་ཀྱི་གྲུབ་མཐའ་དང༌། གསུང་རབ་ཀྱི་རྣམ་གྲངས་རྣམས་ཤིན་ཏུ་ཕྲ་མོ་ཚུན་ཆད་ཀྱང་ཐུགས་ལ་འཇེན་པར་བཞུགས་པ་ཡིན་ནོ། །ཡང་སྐབས་ཤིག་ཏུ་ཆོས་ལྡན་སེང་གེ་བྱ་བ། རབ་བྱུང་གི་ཆ་ལུགས་ལ། སྤྱོད་པ་ཁྲོབས་སེ་བྱས་པ་ཅིག་ཡོད་པའི་གོས་ཀྱི་མཐའ་སྐུ་ལུས་ལ་ཕོག་པའི་རྐྱེན་བྱས་ནས། ཐུགས་རྣལ་དུ་མི་ཕེབས་པ་སྡུག་བསྔལ་ཆེན་པོ་དང་བཅས་པའི་ཁམས་འདུས་དྲག་པོ་ཅིག་བྱུང་བ་ལ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ཡང་དགོན་ན་བཞུགས་པའི་དྲུང་དུ། རྗེ་བཙུན་མ་སྒྲོལ་མ་ལྷ་བཅུ་བདུན་མའི་དབང་ཅིག་ཞུས་པས། ཁམས་འདུས་དེ་ལས་གྲོལ་ནས། སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ལ་ཐོས་བསམ་མཐར་ཕྱིན་པར་བྱས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་དགོངས་པའི་ཐུགས་ཀྱི་གོ་ཆ་ཆེན་པོ་དང༌། ཐོས་བསམ་ལ་སོགས་པ་བྱེད་པ་ལ་དཀའ་ཚེགས་ཅི་ཡང་མེད་སྙམ་པའི་ཐུགས་ལ་གདེངས་ཆེན་པོ་ཡང་འཁྲུངས་ཏེ། བླ་བྲང་ཤར་ན་བཞུགས་པའི་ཕྱག་དཔེ་རྣམས་ལ་གཟིགས་རྟོག་རྫོགས་པར་མཛད། སྒོ་རུམ་གྱི་ཕྱག་དཔེ་རྣམས་ལ་གཟིགས་རྟོག་མཛད་པར་དགོངས་པའི་ཚེ། གཞི་ཐོག་ཏུ་བདག་ཆེན་ཀུན་རིན་པའི་དྲུང་དུ་བྱོན་པས། དེ་ན་དཔེ་ཆ་ཟང་ཟིང་ཕད་བུ་གང་འདུག་པ་ལ་གཟིགས་པས། དེའི་ནང་ན་དཔེ་ཆ་མགོ་ཚེམས་ཤིག་འདུག་པ། སྒོ་རུམ་གྱི་ཕྱག་དཔེའི་དཀར་ཆག་ཏུ་འདུག་པས་ཐུགས་དགེས་ཏེ། བདག་ཆེན་དྲུང་དུ། བདག་སྒོ་རུམ་གྱི་ཕྱག་དཔེ་རྣམས་ལ་ལྟ་རྟོག་ཚར་གཅིག་བྱེད་འདོད་ལགས་པ། སྒོ་རུམ་གྱི་དཀོན་གཉེར་དང་འདྲིས་ཟབ་པོ་མེད་པས། བདག་ཆེན་གྱི་དྲུང་ནས་དཀོན་གཉེར་ལ་ཁོང་ཕྱག་དཔེ་རྣམས་ལ་ལྟ་རྟོག་ཚར་གཅིག་བྱེད་འདོད་པར་འདུག་པས། སྒོ་རུམ་དུ་བལྟ་ན་བལྟ་ས་ཡོད་པ། གཞན་དུ་བལྟ་ན་དཔེ་ཆ་གཡར་པོ་གྱིས་གསུངས་པའི་ཞལ་ཏ་ཅིག་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པས། དེ་བཞིན་བྱས་པས་ཆོག་གིས་གསུངས་ནས། བདག་ཆེན་གྱི་དྲུང་དུ་དཀོན་གཉེར་བོས་ཏེ། དེ་བཞིན་གྱི་ཞལ་ཏ་གནང་བས། ཁོང་གིས་ཀྱང་ཇི་ལྟར་དགོངས་པ་ལྟར་གྱི་གཡར་པོ་བྱུང་སྟེ། ལོ་གསུམ་