[A:༤༦༧]ཕན་ཚུན་གཅིག་གིས་གཅིག་ལ་གླེངས་པ་མ་ཡིན་པར། ཐམས་ཅད་བོད་དུ་བླ་མ་འཕགས་པའི་བུ་ཅན་དུ་འགྲོ་ཞེས་ཕྱོགས་གཅིག་ཏུ་གྲོས་འཆམས་ཏེ་བོད་དུ་འོང་བའི་ཚེ། ལ་སྟོད་ཤེལ་དཀར་དང༌། ཆུ་འདུས་དང༌། ས་སྐྱ་རྣམས་སུ། ཁྱེད་རང་རྣམས་འདི་ཚོ་རུ་ལས་དཀའ་བྱས་ན། ཡོན་རྫོངས་ལེགས་པོ་སྟེར་ཟེར་ཡང་དེ་ཚོ་གང་དུ་ཡང་སྡོད་མ་འདོད་ཅིང༌། གནས་པོ་མི་ཉག་པ་ཅིག་ཡོད་པ་ན་རེ། ཁྱེད་རང་ཨེན་ཚ་ཁར་ཕྱིན་ནས་ལས་དཀའ་བྱས་ན་ཡོན་རྫོངས་ཐམས་ཅད་གསེར་དུ་འོང་བས་འགྲོ་ན་ངས་བསྐྱལ་ཟེར་ཡང༌། འགྲོ་མ་འདོད་པར་བླ་མའི་དྲུང་དུ་ཟང་སླེབས་པའོ། བླ་མའི་བསྒོམ་བྱས་པ་ངེད་ཀྱི་སྙིང་ལ་ཕོག་པ་ཡིན་མོད་ཅེས་ཟེར་ཏེ། ཆོས་སྐྱོང་གིས་རང་དབང་མེད་པར་བཀུག་པ་ཡིན་ནོ། །དེ་བཞིན་དུ་སྟོན་པའི་གསེར་སྐུ་ཆེན་མོ་བཞེངས་པར་དགོངས་པ་ན། ལྷ་བཟོ་བའི་རྨི་ལམ་དུ་ཁྲ་འབྲུག་གི་གཙུག་ལག་ཁང་ཡིན་སྙམ་པ་ཅིག་ན་འདུག་པ་ན། རྣ་བ་ལ་དུང་ལོང་དང་བཅས་པའི་ཨ་ཙ་རའི་གཟུགས་ཤིག་བྱུང་སྟེ། ངེད་ཀྱི་ལྷ་བཟོ་བ་ལ་འོང་དགོས་ཟེར་བ་ལ། ད་ལྟ་སྒོ་མི་འདུག །ལམ་ཡང་མི་ཕྱེད། མི་འགྲོ་བྱས་པས། ངའི་རྗེས་ལ་འོང་བས་མགོ་ཐོན་གྱིས་ཤོག་ཟེར་ནས་ཕྱིན་པ་རྨིས་པ། གསེར་སྐུ་ཆེན་མོ་བཞེངས་པ་ལ་འོང་བའི་ལྟས་ཡིན་ཚོད་དུ་འདུག་ཟེར་རོ། །གཞན་ཡང་ཆོས་སྐྱོང་གི་རྣམ་འཕྲུལ་རེས་འགའ་ལས་བསྒྲུབས་ཀྱང་གཏང་རག་རེ་ཡང་མ་བྱུང་ཟེར་ཞིང་འཁང་བའི་རྣམ་པ་དང༌། རེས་འགའ་ཁྱེད་ཀྱིས་མ་བཅོལ་ཡང་ངེད་རང་གིས་བྱས་པ་ཡིན་ཞེས་ཁ་པོ་འདོན་པའི་རྣམ་པ་ལ་སོགས་པ་རྣམ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས། ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་བསྒྲུབས་པ་ཡིན་ནོ་ཞེས་པ་ཆོས་རྗེ་རིན་པོ་ཆེའི་རྣམ་པར་ཐར་པ་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིག་པ་ཙམ་ཞིག་ཤིན་ཏུ་མདོར་བསྡུས་ཏེ་བྲིས་པ་འདི་ནི། རྗེ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་དུ་མས་ལན་མང་དུ་བསྐུལ་བ་ལ་བརྟེན་ནས་སློབ་འབངས་ཀྱི་ཐ་ཆུངས་