[A:༤༦༨]སུ་གྱུར་པ། བྱ་བྲལ་བ་དཀོན་མཆོག་རྒྱལ་མཚན་གྱིས་མཚུངས་མེད་རྗེ་བཙུན་དམ་པ་དགུང་ལོ་བདུན་ཅུ་དོན་བཞི་པའི་སྟེང་ནས་བཞུགས་པ། ཤིང་མོ་ཕག་གི་ལོ་ཐ་སྐར་གྱི་ཟླ་བའི་ཚེས་བཅུ་གསུམ་ལ། བས་མཐའི་རི་ཁྲོད་ཡང་དབེན་བསམ་གཏན་ཕུག་ཏུ་སྦྱར་བ་འདིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་མའི་བྱིན་རླབས་འཇུག་པར་གྱུར་ཅིག །དེ་ལྟར་དགུང་ལོ་བཅོ་ལྔ་པ་ནས། དགུང་ལོ་བདུན་ཅུ་རྩ་ལྔའི་བར་དུ་བསྟན་པའི་བྱ་བ་འབའ་ཞིག་གིས་དུས་འདའ་བར་མཛད་ལ། དེ་ཡང་དགུང་ལོ་དགུ་པ་ལ་རབ་ཏུ་བྱུང་བ་ནས། གདན་གཅིག་རྡོར་དཀར་བསྟེན་ཏེ་རང་ཚུགས་དམ་པར་མཛད་པས་སྐུ་ལུས་ཤིན་ཏུ་ཉམ་ཆུང་ཞིང༌། ཁྱད་པར་དགུང་ལོ་ཉི་ཤུ་རྩ་ལྔ་པའི་ཚེ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་བསྙུང་བ་དང༌། བདེ་བར་གཤེགས་ནས་དང་པོར་བསྙུང་གཡོག་དང༌། ཕྱིས་ཐུགས་དགོངས་རྫོགས་པའི་ཐབས་ཡོངས་སུ་རྫོགས་པའི་བར་ལ། གདན་གཅིག་གི་གསོལ་བ་དེ་ཡང་ཇི་ལྟ་བ་བཞིན་མ་བྱུང་བས། ལྟོ་བ་རུབས་པ་བཞིན་སོང་བ་ཡིན་པ་འདྲ། དང་ག་ཡང་མི་བདེ་བ་རང་ཅིག་བྱུང་གསུངས། ཕྱིས་གསོལ་དང་ཅུང་ཟད་བདེར་སོང་བ་ཡིན་གསུངས་ནའང༌། སྐུ་གཟུགས་ཤེད་ལ་ཕན་པའི་གསོལ་ནི་མི་བཞེས་པར་འདུག་ཅིང༌། ཞིབ་སྤོལ་ཉུང་ཟད་རེ་དང༌། ལ་ཕུག་བཞིན་ཅུང་ཟད་རེ་མ་གཏོགས་བཞེས་པ་མི་འོང་བ་ཅིག་འདུག །དེའི་སྟོབས་ཀྱིས་དང་པོ་ནས་སྐུ་ལུས་ལ་ཤེད་མེད་པ་ཅིག་གདའ་ནའང༌། སྐུ་ལུས་འཚོ་སྦྱོང་མ་མཛད་པར། ཆོས་འཆད་པ་དང་དབང་བསྐུར་ལ་སོགས་མཛད་པའི་ཚེ། དགུན་གྲང་བའི་དུས་ཡིན་ནའང༌། དབང་ཞུ་མཁན་རྣམས་གོས་མང་པོས་གཏུམས་ནས་འདུག་ཀྱང༌། གྲང་བའི་སྣང་བ་ཆེན་པོ་འོང་བ་ལ། རྗེའི་ཞལ་སྔ་ནས་གཟན་ཆོས་སྦྲག་མའི་ཐང་རྐྱང་རེ་ལ་དབང་བསྐུར་བ་དང་དབང་རྫས་འགྲིམས་པ་མཛད་པས། སྐུ་ལུས་ལ་ཤིན་ཏུ་གཟན་པར་འདུག་ཅིང༌། དབང་གྲོལ་བའི་ཚེ་གསོལ་ཇ་ཙམ་རེ་ཡང་བཞེས་རྒྱུ་མེད་པར་དབང་ཞུ་མཁན་རྣམས་རང་སར་གྱེས་འགྲོ་བ་དང༌། ཆོས་རྗེ་རིན་པོ་ཆེ་གཟིམས་ཁང་