[A:༤༦༩]དུ་འབྱོན་པ་མཉམ་པོ་བྱེད་དགོས་པ་ཡུན་རིང་པོ་བྱུང་བ་དང༌། ཕྱིས་དགུང་ལོ་མཐོན་པོར་ཕེབས་ཀྱང༌། དགེ་འདུན་བརྒྱ་ཕྲག་མང་པོ་ལ། རྒྱུ་དུས་ཀྱི་དབང་ཟླ་བ་རེ་ཙམ་ཉིན་རེ་ཞིང་སྦྲེལ་ནས་མཛད་དགོས་པ་བྱུང་བ་ན། སྟ་གོན་གྱི་དཔུང་སྐུད་འཆིང་བ་ཙམ་ཡང་བཞེངས་ནས་མཛད་པ་སྐུ་ལུས་ཀྱི་མི་ལྕོགས་པར། དབང་མའི་སྔོན་དུ་བཞུགས་ནས་མཛད་དགོས་པ་ཡང་ལོ་དུ་མ་མཛད་ཅིང༌། དེ་ལྟར་སྐུ་ལུས་ལ་ཤེད་ཅུང་ཟད་ཀྱང་མེད་ནའང་གསུང་ཆོས་འཆད་པ་དང༌། དབང་བསྐུར་བ་ལ་སོགས་པ། སྐུ་ལུས་གསོ་ཐབས་མེད་པའི་འོར་དུམ་ལྷུང་གི་བར་དུ་ཅུང་ཟད་ཙམ་བཞུགས་པ་ཡང་ཐུགས་ཀྱིས་མ་བཟོད་པར་མཛད་པས་སྐུ་གཟུགས་ཀྱི་ཡེ་མ་ལྕོགས་པ་ན། ཤིང་མོ་ཕག་གི་སྨལ་པོའི་ཚེས་བཅོ་ལྔ་ནས་སྐུ་མཚམས་མཛད་དེ་མེ་ཕོ་བྱི་བའི་ས་གའི་ཉེར་ལྔའི་བར་དུ་བཞུགས་པ་ལ། འཕྲལ་གྱི་རྐྱེན་སྔར་གྱི་བསྙུང་གཞི་བད་ཀན་སྐྱ་རྦབ་ཀྱི་རྣམ་པ་ཅིག་ཡོད་པ་དེས་བྱས་པ་ལྟ་བུར་སྣང་བ་དེ་ལ་སྐུ་རིམ་དང་གསོལ་སྨན་སོགས་ཅི་བསྒྲུབས་ཀྱང་སྐུ་སྐྱེད་ཅིག་ཀྱང་མ་བྱུང་བ་ནི། དེ་ལ་སྤྱིར་ཡར་ལུངས་སུ་ཕེབས་པ་དེས་སྐུ་ཚེ་ལ་བར་ཆད་ཅུང་ཟད་ཅིག་བྱུང་འདུག་གསུངས་ནའང༌། སྐུ་ལུས་ཐང་ན་ཡོད་ན་དེ་ལྟ་བུའི་བསྙུང་རྐྱེན་དང༌། སྐུ་ཚེའི་བར་ཆད་ལ་སོགས་པས་སྐྱོན་ཅན་དུ་འགྲོ་བ་མི་འདུག་ནའང༌། སྐུ་གཟུགས་ལ་ཤེད་མེད་པ་ཁོ་ན་འདུག་སྟེ། སྐུ་མཚམས་མཛད་ནས་བཞུགས་པའི་དུས་ཐམས་ཅད་དུ། སྐུ་ལ་ཤེད་མེད་པ་མ་གཏོགས་པ་བསྙུང་ཟུག་གི་རིགས་ཅི་ཡང་མེད་ཅེས་གསུངས་པས་སོ། །དེ་དག་གི་སྐབས་སུ་ནམ་མཁའ་ལ་འཇའི་བྱེ་བྲག་སྣ་ཚོགས་ནི་རྒྱུན་དུ་བྱུང་ཞིང༌། ཁྱད་པར་ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ་འཇའ་ཁ་དོག་དང་དབྱིབས་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་བས་སྐྱེ་བོ་ཕལ་ཆེར་ཆོས་རྗེ་ངོར་པ་ཚེས་བཅུ་བཞིའམ་བཅོ་ལྔ་གང་རུང་ལ་བདེ་བར་གཤེགས་སོ་ཞེས་སྒྲོགས་པ་བྱུང་ངོ༌། །ནང་དུ་ཡང་མནལ་ལམ་ལ་སོགས་པར་དག་པའི་སྣང་བའི་གཟིགས་སྣང་སྣ་ཚོགས་བྱུང་བར་སྣང་སྟེ། ནུབ་གཅིག་མནལ་ལམ་