R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༥༠
[A:༡༥༠]སྙན་བརྒྱུད་ལེགས་བཤད་སྐལ་བཟང་ཀུན་ལ་སྒྲོག །ཐུབ་བསྟན་དར་རྒྱས་འཕེལ་བའི་བཀྲ་ཤིས་ཤོག །ཅེས་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ་ཞེས་བྱ་བ་འདི་ནི་རང་ཉིད་རྗེ་བཙུན་དམ་པ་འདིའི་མཚན་ཐོས་པ་ཙམ་གྱིས་སྙིང་གི་སྤུ་ལོང་གཡོ་བའི་མི་ཕྱེད་པའི་དད་པ་ཡོད་པ་དང༌། ཁྱད་པར་རྗེ་བཙུན་རྡོ་རིང་པ་ཆེན་པོའི་ཞལ་སྔ་ནས་དམ་པ་འདིའི་རྣམ་ཐར་གྱི་ཆ་ཤས་གཞན་དག་གིས་ཐོར་བཀོད་པ་གཟིགས་པ་ན། འདི་དག་ལ་སྒྲོ་སྐུར་གྱི་ཆ་ཤས་ཅུང་ཟད་དང༌། ཁྱད་པར་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་གཙོ་བོ་མང་དག་མ་ཆུག་འདུག་པས་ངེད་རང་གི་རྗེ་འདིའི་རྣམ་ཐར་ཞིག་ཅིས་ཀྱང་རྩོམ་དགོས་པ་ཡོད་ཅིང༌། དེ་ཡང་རྩོམ་ཚུལ་འདི་ལྟར་བྱེད་ཅེས་ཡང་དང་ཡང་དུ་ལན་མང་པོའི་བར་ཆེད་དུ་གཏད་ནས་གསུང་བ་ཞིག་ཡོད་ཀྱང༌། རྗེ་ཉིད་ཀྱིས་མཛད་གྲུབ་པ་ཞིག་མ་བྱུང་གསུང༌། དེ་ལ་དུས་ཕྱིས་ལེགས་པར་བརྟགས་པ་ན། དེའི་ཚེ་ཁོ་བོ་ཅག་ལ་ཡང་དང་ཡང་དུ་བཀའ་སྩོལ་བ་དེ་མ་འོངས་པ་ན་ཁྱོད་ཀྱིས་འདི་ལྟར་རྩོམས་ཞེས་ལུང་སྟོན་པ་ཁོ་ནར་གོར་མ་ཆག་སྟེ། དེ་ལས་གཞན་དུ་འོས་མི་འདུག་པས། རྗེ་བླ་མའི་ཐུགས་ཀྱི་བཞེད་པ་ནི། འདི་ཙམ་མོ་སྙམ་དུ་རྗེས་སུ་དཔགས་ཏེ་དད་པའི་རྦ་རླབས་ཆེས་ཆེར་གཡོ་བཞིན་པའི་ངང་ནས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་ཞབས་པད་གཙུག་གིས་བསྟེན་ཅིང་བཀའ་དྲིན་ཆེན་པོས་འཚོ་བའི་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་དབུས་གཙང་རུ་བཞི་ལས་རུ་ལག་གི་སའི་ཆ། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་