[A:༡༤༩]ཁྱབ་བདག་འཁོར་ལོའི་མགོན་པོ་ས་སྐྱ་པ། །ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོའི་ཞབས་པད་གཙུག་གིས་བསྟེན་པར་ཤོག །གང་གི་འཛུམ་ཞལ་འདབ་བརྒྱའི་དགའ་སྟོན་ལས། །འོངས་པའི་གསང་ཆེན་སྦྲང་རྩིས་རྒྱུད་ཚིམ་ནས། །ཆོས་བརྒྱད་རླུང་གིས་ནམ་ཡང་མི་གཡོ་བར། །དབེན་པའི་མེ་ཏོག་ཁང་བུར་གནས་པར་ཤོག །དེར་ནི་གཞན་གྱིས་བརྫི་བར་མི་ནུས་པའི། །སྟོབས་ཆེན་ཏིང་འཛིན་ལང་ཚོའི་དཔལ་ཐོབ་ནས། །གནས་དང་ཉེ་གནས་ལ་སོགས་ཀུན་མྱུལ་ཞིང༌། །དཔའ་བོ་མཁའ་འགྲོའི་ཚོགས་དང་རོལ་པར་ཤོག །ཀུན་འདར་ཀུན་བཟང་སྤྱོད་པ་མཐར་ཕྱིན་ཏེ། །ཉེ་རྒྱུས་མཚམས་སྦྱར་ཟུང་འཇུག་རྡོ་རྗེའི་ས། །ཚེ་གཅིག་ལུས་ལ་གེགས་མེད་ཐོབ་གྱུར་ནས། །མ་ལུས་འགྲོ་འདི་བདག་གིས་སྐྱོང་བར་ཤོག །གནས་སྐབས་སུ་ཡང་ངེས་དོན་ཟབ་མོ་ལས། །ནམ་ཡང་མི་གཡོ་གསང་ཆེན་རྡོ་རྗེའི་སྒྲས། །སྐལ་བཟང་མང་པོའི་དགའ་སྟོན་འགྱེད་མཁས་པ། །རྗེ་བཙུན་བླ་མའི་བསྟན་པ་འཛིན་པར་ཤོག །དེ་ཚེ་བསྟན་སྲུང་རྒྱ་མཚོའི་མཐུ་རྩལ་གྱིས། །འགལ་རྐྱེན་མ་ལུས་དབྱིངས་སུ་ཞི་བ་དང༌། །མཐུན་རྐྱེན་འདོད་དགུའི་ཆར་ཆེན་རབ་ཕབ་ནས། །ཅི་བསམས་དོན་ཀུན་བདེ་བླག་འགྲུབ་པར་ཤོག །རབ་དཀར་བློ་གྲོས་ནོར་འཛིན་ཡངས་པའི་ཁྱོན། །རབ་གསལ་གསང་ཆེན་པདྨོའི་རྒྱ་མཚོའི་ལྗོངས། །རབ་མཛེས་ལུང་རྟོགས་སྦྲང་རྩིའི་རྒྱལ་མཚན་ཅན། །རབ་མང་རྐང་དྲུག་ཡོངས་ཀྱི་ཉེར་འཚོར་ཤོག །གཙུག་གི་ནོར་བུ་འབྲལ་མེད་བླ་མས་བརྒྱན། །སྙིང་གི་པདྨ་ཟབ་དོན་བདུད་རྩིས་གཏམས། །