[A:༡༡༧]མཁའི་མཐའ་ཀླས་པ་བསྐོར་བས། བསྟན་པ་སྤྱི་དང་ཁྱད་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་ས་ཕྱོགས་དེར་ནམ་ལངས་ཤིང་ཉི་མ་ཤར་བ་ལྟར་ཆེས་ཆེར་གསལ་བར་མཛད་པ་ན་གོང་དུ་སྨོས་པའི་གཞན་ཕྱོགས་པ་དེ་དག་གི་ཁྲོད་ན་ཤིན་ཏུ་མི་སྲུན་ཞིང་ཕྲག་དོག་གི་མྱོས་པས་རང་དབང་མི་ཐུབ་པ་ཞིག་གིས་ངན་གཡོའི་སྦྱོར་བ་མངོན་ཚན་ཅན་འགའ་བྱས་ཤིང༌། དེང་སང་ནཱ་ལེནྡ་ན་ཡང་ས་སྐྱའི་བཙུན་ཆུང་ཚེ་ཟད་ཅིག་སླེབ་ཡོད་པ་འདུག་ཟེར་བ་སོགས་རློམ་སེམས་ཀྱི་ཚིག་ངན་སྣ་ཚོགས་འབྲུག་ལྟར་སྒྲོག་པའི་ཚེ། དེ་དག་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ནས། རྗེ་ཉིད་ཀྱི་གནས་དེར་ཆེད་དུ་གཏད་པའི་ཐུགས་དམ་མཛད་ཅིང༌། དེ་མཐུན་རྗེ་བཙུན་རྡོ་རིང་པ་ཆེན་པོ་ལའང་བཀའ་ལུང་ཕེབས་ནས། དྲོ་སའི་ཕུག་སེར་དུ་མགོན་པོའི་གཏོར་ཆེན་མཛད་པའི་ཚེ། ནུབ་ཅིག་གི་གནལ་ལམ་དུ་ཕུག་པའི་རྩ་བར་ངེད་འདི་ལྟ་བུའི་མི་དྲག་པ་རང་བཅུ་གཉིས་ཤི་ཟེར་བའི་ངུད་མོའི་སྒྲ་ཆེན་པོ་ལྷང་ལྷང་བ་བྱུང༌། རྗེ་འདི་ཉིད་ཀྱི་ཐུགས་དམ་གྱི་ཉམས་ལ་མགོན་པོའི་ལས་མཁན་རྣམས་ཀྱི་གསེར་གྱི་མཆོད་རྟེན་ཆེན་པོ་འོད་འབར་བ་ཞིག་ཁྱེར་བྱུང་ནས་དུམ་བུར་གཏུབ་ཀྱི་འདུག་པས་ནང་ཐམས་ཅད་སོལ་བ་དང་ལྷམ་ཀྲད་ཀྱི་དུམ་བུས་རྒྱངས་འདུག་པ་ཞིག་བྱུང༌། དེའི་ཚེ་དགུན་ཤིན་ཏུ་གྲང་བའི་དུས་ཡིན་ཡང་ནམ་ཕྱེད་ཟིན་ལ་ཁད་པ་ཙམ་གྱི་ཚོད་ལ། དཔལ་ས་སྐྱའི་བསྟན་སྲུང་དབང་པོ་རྣམས་ཀྱིས་ཆོ་འཕྲུལ་སྤྲིན་ནག་པོ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་གློ་བུར་དུ་ནམ་མཁའ་ལ་འདུས། སྐྱིད་འཕན་གཉིས་ཆར་དུ་ཚོར་བའི་འབྲུག་སྒྲ་ཤིན་ཏུ་དྲག་པོ་གློག་གི་འོད་དྲག་པོ་འཁྱུག་པ་དང་བཅས་པའི་དུས། རྦོད་གཏོང་བྱེད་པའི་བྱད་