R82: ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ།

  • Pagination (Witness A): ༡༡༨
[A:༡༡༨]མ་དེའི་མགོ་ལ་གནམ་ལྕགས་ཀྱི་ཐོག་ཆེན་པོ་མི་བཟད་པ་ཕབ་སྟེ། ལས་ངན་གྱི་སྦྱོར་བ་བྱེད་པའི་ལུས་དང་ཕྲལ་ནས་སེམས་ཉིད་དག་པའི་ཞིང་དུ་སྐད་ཅིག་མ་དེ་ཉིད་ལ་སྤོ་བར་མཛད་དོ། །དེ་ནས་དེའི་འཁོར་དུ་གཏོགས་པའི་མི་དང་མི་མ་ཡིན་པ་ཐམས་ཅད་ནི་བསམ་པ་མ་འགྲུབ་པའི་མྱ་ངན་གྱིས་ནོན་ཅིང་འགྱོད་པ་དང་བཅས་པའི་ངུད་མོའི་སྒྲ་ཆེན་པོས་ས་ཕྱོགས་དེ་ཐམས་ཅད་ཁྱབ་པར་བྱས་སོ། །དེ་ནས་ཡོངས་འཛིན་ཅེས་བྱ་བ་ཆུ་ཕོ་བྱི་བའི་ལོའི་ཟླ་བ་གསུམ་པ་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྣལ་འབྱོར་བྱང་སེང་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས། དྲོ་ས་དགོན་པར་ཕེབས་ཏེ་དོན་གཉེར་གྱི་གྲྭ་པ་གལ་ཆེ་བ་ཐོར་བ་ཞིག་དང༌། རྒྱལ་ཆེན་རྩེ་ནས་ཡུམ་སྲས་སོགས་བརྒྱ་ལྷག་ཙམ་ལ་གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་གནང༌། གཞན་ཡང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པའི་བཀའ་དྲིན་སྩལ། དེར་བཞུགས་པའི་དཔོན་སློབ་རྣམས་ཀྱི་ཞབས་ཏོག་གི་མཐིལ་ལེན་སྨོན་མཁར་བ་དྲུང་ནས་ཆོས་མཛད་མས་བསྒྲུབས་ཤིང༌། རྒྱལ་ཆེན་རྩེ་ནས་སྡེ་པས་ཀྱང་ཟུར་སྐྱོར་གྱི་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། དེ་ལྟར་ཟླ་བ་བཅུ་དྲུག་གི་བར་ནཱ་ལེནྡ་པ་ཡོན་མཆོད། དབུས་ཕྱོགས་ཀྱི་ས་སྐྱ་པ་ལ་དད་ཞེན་ཡོད་པའི་འགྲོ་བ་མང་པོ་དང༌། ཁྱད་པར་ཁམས་ཕྱོགས་ནས་རྗེ་ཉིད་ཀྱི་ཞལ་ཏ་བ་ལ་འོངས་པའི་འགྲོ་བ་མཐའ་ཡས་པ་ཞིག་རང་རང་གི་སྐལ་པ་དང་འཚམ་པའི་བཀའ་དྲིན་སྩལ་བས་འཁོར་བ་མཐའ་ཅན་དུ་མཛད་དོ། །སྐབས་དེར་བབས་པའི་ཚིགས་བཅད་ནི་འདི་ལྟར་རོ། །ལུས་ནི་ངུར་སྨྲིག་གོས་ཀྱིས་ཀླུབས་ཀྱང་སེམས་ནི་ཧ་ལའི་དུག་ལྟར་གནག །