[A:༩༩] སྲས་དེ་ཝ་རཱ་ཛ་དང་། ན་གཱ་རཱ་ཛ་ཞེས་བྱ་བ་གཉིས་མངའ་བའི། ཡབ་སྲས་གསུམ་རབ་ཏུ་བྱུང་ཞིང་། མཚན་ལྷ་བླ་མ་ཡེ་ཤེས་འོད་ཅེས་གྲགས་པ་དེས། བསྟན་པ་རིན་པོ་ཆེ་གསལ་བར་དགོངས་ཏེ། མངའ་རིས་སྐོར་གསུམ་གྱི་བྱིས་པ་བློ་རབ་ཏུ་གསལ་བ་བདུན། དེ་དག་གི་གཡོག་བདུན་དང་། ཉིང་གཡོག་བདུན་ཏེ། བདུན་གསུམ་ཉི་ཤུ་རྩ་གཅིག་གམ། སྡོམ་གསུམ་རང་མཆན་ལྟར་ན་བྱིས་པ་བློ་གསལ་བརྒྱད་གསུམ་ཉི་ཤུ་རྩ་བཞིའམ། གང་ལྟར་ནའང་། དེ་དག་བསགས་ཏེ། ཀུན་སྙིང་གི་ཆོས་ཚོལ་ལ་ཤོག་ཅེས་དང་། དམ་པའི་ཆོས་འདུལ་བ་ཚོལ་ལ་ཤོག་ཅེས་དང་། འདུས་པ་རྣམ་གཉིས་ཀྱི་ཆོས་ཚོལ་[ལ] ཤོག་ཅེས་པའི་ཞལ་བཀོད་རྣམ་པ་གསུམ་དང་། ཁ་ཆེ་དྷརྨ་པཱ་ལ་དང་། རིན་ཆེན་རྡོ་རྗེ་སྤྱན་འདྲོངས་ནས་(ན) གསེར་ལ་མ་རྩེག་ཅེས་རབ་ཏུ་གདམས་ཏེ་བསྐུལ་བ་ལས། ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་འཕགས་ཡུལ་ཁ་ཆེའི་པནྜི་ཏ་དག་ལས་ཇི་ལྟར་བཞེད་པའི་ཟབ་དོན་ཅི་རིགས་པར་ཐོབ་ཀྱང་། རེ་བ་ཇི་ལྟ་བ་བཞིན་མ་འཁུམས་ནས་གཙང་སྟག་ཚལ་གྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་བཟང་པོ། དཔལ་ལྡན་ཨ་ཏི་ཤ་ཉིད་གདན་འདྲེན་དུ་མངགས་ཀྱང་། རེ་བའི་འབྲས་བུ་མ་རྙེད་པར། ཆོས་ཀྱི་ཕྱིར་དུ་གསེར་སྒྲུབ་པ་ལ་བཞུད་པས་ཕས་རྒོལ་ངན་པས་བཙོན་རར་བཅིངས་པའི་ཚེ། %སྲོང་ངེའི%་(ཡོངས་གྲགས་སུ་འཁོར་རེའི) སྲས་ལྷ་ལེ་(ལྡེ) [དེའི] སྲས་འོད་ལྡེ་བྱང་ཆུབ་འོད། ཞི་བ་འོད་གསུམ་ལས། ལྷ་བཙུན་བྱང་ཆུབ་འོད་ཀྱིས། སྐུའི་ཚད་དུ་ལོངས་པའི་གསེར་གྱིས་བླུ་བར་བརྩམ་པ་ལས། ཁོང་རང་གི་སྐུའི་འཚོ་བ་ལ་རེ་བའི་འབྲས་བུ་བོར་ཏེ། པན་ཆེན་འདི་ཉིད་ཀྱི་ཕྱིར་དུ་བསྔོས་པ་ལས། བྱང་ཆུབ་འོད་ཀྱི་བཀའི་ཁུར་ཆེན་དང་དུ་བླངས་ཏེ།