[A:༡༢༥] ལས་སྟོད་དཀོན་མཁར་ལ་སློབ་མའི་མཆོག་གྲུབ་ཐོབ་དཔལ་ཕག་མོ་གྲུ་པ་ཁམས་པ་རྡོར་རྒྱལ། གྲུབ་ཐོབ་ཉི་ཕུག་པ་ཆོས་གྲགས། འཁོན་དབང་ཕྱུག་རིན་ཆེན་དང་གསུམ་གྱིས་གཙོས་པའི་བརྒྱད་བརྒྱ་ཙམ་བྱུང་བའོ།
ཆེ་བ་བཅུ་པ། བརྒྱུད་པའི་མཆོག་གྱུར་བྱང་སེམས་བྱོན་ཚུལ་ནི། གོང་གི་ལུང་བསྟན་ལྟར་གནས་སྙིང་པའམ་ལས་སྟོད་པའི་གདུང་རབས་ལ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བརྒྱད་བཅུ་རྩ་བརྒྱད་འབྱོན་པའོ། དེ་ལྟར་ན་ཡང་འབྲེ་ཆེན་པོའི་བཤད་རྒྱུན་སྤེལ་བའི་སློབ་མ་ཨར་བྱང་ཆུབ་ཡེ་ཤེས་ཡིན་པ་ལ། དེའི་སློབ་མ་ཁྱུང་ཤེར་བརྩོན་དང་། གཞོན་ནུ་ཚུལ་ཁྲིམས། དེ་གཉིས་ཀྱི་སློབ་མ་ཞང་གཡེ་བ་སྨོན་ལམ་ཚུལ་ཁྲིམས། དེའི་སློབ་མ་གཉལ་ཞིག་འཇམ་དཔལ་རྡོ་རྗེ། དེས་ཕོ་བྲང་དུ་ཤང་རྡོར་[ཏོར] ལོ་དགུ་མཚམས་བསྡམས་ཏེ་བཤད་པ་མཛད་པ་ལས། གཉལ་ཞིག་གི་བུ་དགུར་གྲགས་པ་བྱུང་སྟེ། བཟང་རིངས། ཕུ་ཐང་དར་དཀོན། གཙང་པ་གྲུ་གུ་གསུམ་སྔ་ཚར། འུ་ཡུག་པ་བསོད་ནམས་སེང་གེ། བོ་དོང་པ་རིན་ཆེན་རྩེ་མོ། གཙང་པ་ཇོ་ནམ་གསུམ་བར་ཚར། རྒྱ་འཆིང་རུབ་པ། འཇམ་གསར་ཤེས་རབ་འོད་ཟེར། སྐྱེལ་ནག་གྲགས་སེང་གསུམ་ཕྱི་ཚར་རོ།
དེ་དག་ལས་ཕུ་ཐང་དར་དཀོན་གྱིས། སྟོད་ལུང་དང་། ཡར་ཀླུངས་སུ་བཤད་པ་མཛད། སློབ་མ་གཉན་དར་མ་འོད། བྱ་ཡུལ་དཀར་མོ་སོགས་སོ། བཟང་རིངས་ཀྱིས་ཁྲོ་ཕུར་བཤད་པ་མཛད། སློབ་མ་ལྷོ་པ་གྲུབ་སེང་སོགས་སོ། གཙང་པ་གྲུ་གུས་ཞྭ་ལུར་བཤད་པ་བཙུགས།
གཉལ་ཞིག་གི་དུས་འཇམ་དབྱངས་ས་པན་ཇོ་སྲས་གཞོན་ནུ་གྱུར་པས་གསང་ཕུར་བྱོན། རྣམ་ངེས་ལ་བཤད་པ་མཛད། གཉལ་ཞིག་དེ་བླ་མར་འོས་པ་ཞིག་འདུག་ནའང་།