[A:༡༢༩]གཤེགས། རྔོག་ལོས་བཅུ་གཅིག་ལོན་པ་མེ་མོ་ལུག་ལ་ལོ་ཆེན་རིན་བཟང་མཁའ་སྤྱོད་ལ་བཞུད། ས་ཆེན་རང་གི་བཅུ་གཅིག་པ་ལ་ཡབ་སྐུ་གཤེགས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་བཀའ་དྲིན་ཆེན་པོས་བསྐྱངས་ཏེ། གཟིམ་ཁང་རྙིང་མར་འཇམ་དབྱངས་བསྒྲུབས་པས། ཕྱིའི་བར་ཆད་སེལ་ཏེ་སྒྲོལ་མའི་ཞལ་གཟིགས། ནང་གི་བར་ཆད་སེལ་ཏེ་མི་གཡོ་བའི་ཞལ་གཟིགས་ཏེ་ཟླ་བ་དྲུག་ནས། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཏེ། ཞེན་པ་བཞི་བྲལ་ལ་སོགས་པའི་ཕར་ཕྱིན་གྱི་གདམས་པ་ཟབ་མོའི་བཀའ་དྲིན་སྩལ། བཅུ་གཉིས་པ་ལ་རོང་ངུར་སྨྲིག་ཏུ་བྲང་ཏི་དར་མ་སྙིང་པོ་ལ་མངོན་པ་གསན་པ་བྲང་ཏི་དེ་ནི་ཁུ་སྟོན་གྱི་སློབ་མ་རྭ་ཁྲི་བཟང་འབར་གྱི་སློབ་མ་སྟེ། རྔོག་ལོ་ཆེན་པནྜི་ཏ་འབུམ་ཕྲག་གསུམ་པ་ལ་མཇལ་བའི་འཁོར་དགེ་སློང་སུམ་བརྒྱ་དང་བཅས་ཏེ་ཕེབས་པ་ན། ལོ་ཙཱ་བའི་འཁོར་དགེ་སློང་རེ་རེ་ལ་ཁོང་རང་གི་སློབ་བུ་དགེ་སློང་བཅུ་གསུམ་བཅུ་གསུམ་བསྙེན་བཀུར་བྱེད་དུ་བཙུད། དེ་ནས་ལོ་ཙཱ་བའི་དངོས་སློབ་ཁྱུང་རིན་ཆེན་གྲགས་དང་། མེས་ལྷང་ཚེར་མ་ལ་དབུ་ཚད། ཁའུ་པ་དར་མ་རྒྱལ་མཚན་སྐུ་མཆེད་ལ་གསང་འདུས་དང་མགོན་པོ་ཞལ་གྱི་ཆོས་སྐོར། སྒྱི་ཆུ་བ་དགྲ་ལྷ་འབར་ལ་ཀྱཻ་རྡོར། གུང་ཐང་མལ་ལོ་ལ་བདེ་མཆོག་དང་མགོན་པོའི་མན་ངག་གསན། པུ་རངས་ལོ་ཆུང་ལ་བདེ་མཆོག་སོགས་གསན་ཏེ། རང་ལོ་ཉི་ཤུ་རྩ་དགུ་པ་ལྕགས་ཕོ་བྱི་ལོ་གུང་ཐང་ནས་འཆམ་མགོན་ས་སྐྱར་ཕྱག་ཕེབས།
འཆམ་མགོན་འདི་ནི། མཐོ་བཙུན་གྲུབ་རྗེས། མ་ཧཱ་བོ་དྷིའི་སྐུ་བཞེངས་པའི་དུས་བཞེངས་པ་ཡིན། དེའི་ཚེ་བླ་མ་ཞང་སྟོན་དགུང་ལོ་རེ་བརྒྱད་བཞེས་པའི་ཚེ། བྱ་ལོ་དེ་ནས་ལོ་ངོ་བཞིའི་བར་ཞང་སྟོན་ལ་གསུང་ངག་