[A:༡༣༡] འཚར་(ཚར) ཁའི་རྣལ་འབྱོར་པ། མང་ཆུང་མ་སྟེ་བཟོད་ཐོབ་བདུན།
གཞན་རྟོགས་པ་དང་ལྡན་པ་བརྒྱད་ཅུ་བྱོན་ནོ། འོ་ན་རྗེ་བཙུན་རྩེ་མོ་མི་འདྲེན་པ་ཇི་ལྟར་ཞེ་ན། དེ་ནི་བླ་མ་ཆེན་པོ་དང་ངོ་བོ་གཅིག་པས་སོ་སོར་མ་ཕྱེ་ཞེས་མཁས་པ་དག་ཙུངས་སོ།
གཞན་ཡང་གཞུང་བཤད་གཅེས་པར་འཛིན་པའི་ཐུགས་སྲས་བཅུ་གཅིག། ཚིག་རྐང་རྣམ་པར་འགྲེལ་བའི་ཐུགས་སྲས་བདུན། ཕྱོགས་ཀྱི་མཁས་གྲུབ་ཆེན་པོ་བཞི་ཞེས་བྱ་སྟེ། ཞུ་བྱས་ཀྱིས་བསྡེབས་པའི་བསྟོད་པ་ལས། ཟབ་དོན་ཡོངས་སུ་རྫོགས་པའི་སློབ་མ་ནི། ཕོ་བརྒྱད་མོ་གསུམ་དག་ལ་ཡི་གེར་གདམས། ཞེས་པ་ལྟར། ཁམས་པ་ཨ་སེང་། ལྷོ་པ་ཞུ་བྱས། ཀློག་སྐྱ་ཇོ་སྲས་ཆོས་གྲགས། ཐུགས་སྲས་སྙན་(གཉན) ཕུལ་ཆུང་བ་གཙུག་ཏོར་རྒྱལ་པོའམ་མཚན་དངོས་བསོད་ནམས་རྡོ་རྗེ། སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བྱང་སེམས་ཟླ་བ་རྒྱལ་མཚན། ཟངས་རི་ཕུག་པ། ཁམས་སྒ་ཐེང་གཉག་བཞི། རྭ་བ་དབང་ཕྱུག་རྒྱལ་མཚན་ཏེ་ཕོ་བརྒྱད།
སྲས་ཀུན་དགའ་འབར་གྱི་ཡུམ་ཇོ་ལྕམ་ཕུར་མོ། གཡའ་ལུང་གི་ཇོ་མོ་བའུ་(འ་འུ) མ། མང་མཁར་གྱི་ཇོ་མོ་མང་ཆུང་མ་སྟེ་མོ་གསུམ།
རྣམ་འགྲེལ་བཅུ་གཅིག་ཅེས་གྲགས་པ་ནི། གང་ཟག་འདི་བཅུ་གཅིག་ལ་གདམས་པ་ཡིན་གྱི། གཞན་དུ་ཡིད་གཡོ་བར་མ་བྱེད་ཅིག།
གཉིས་པ་ནི་གཞུང་བཤད་མཛད་པའི་དངོས་སློབ། ན་རོ་བནྡྷེ། སྟོད་སྒོམ་བྱང་ཆུབ་ཤེས་རབ། མེ་ཉག་པྲཛྙ་ཛྭ་ལ། ཞུ་བྲག་དམར་བ། ཧང་ཟེ་དམར་བ། འུ་ཡུག་གི་གཡར་སྦུ་བ་མ། ཕག་མོ་གྲུ་པའོ།
ཕྱོགས་ཀྱི་མཁས་གྲུབ་བཞི་ནི། ལས་སྟོད་པ་དཀོན་མཆོག་མཁར།