[A:༡༣༣]སྲས་འབྲོམ་དེའི་ལམ་འབྲས་གཉིས་ཏེ་གསུམ།
སེ་མཁར་ཆུང་པ་ནས་འཕེལ་བ་རབ་འབྲིང་གསུམ་ཡོད་པའོ། འབྲིང་དུ་ཐོབ་པ་ཞ་མ་ནས་འཕེལ་བ་ལ། ཕོ་བརྒྱུད་མོ་བརྒྱུད་བསྲེས་བརྒྱུད་གསུམ། ཕོ་བརྒྱུད་ལ་ཡང་རྗེ་ཁུམ་བུ་བ་ཆོས་རྒྱལ་ནས་སེ་སྒོམ་གྲགས་རྒྱལ། རྗེ་མལ་གྲོ་སོགས་ལས་འཕེལ་བའི་སློབ་བརྒྱུད་དང་། སྲས་ཞ་མ་ཙནྡི་ནས་སྤངས་རྗེ་ཉི་མ་གྲགས་ལས་འཕེལ་བའི་བསྲེས་བརྒྱུད་དེ་གཉིས་མོ་རྒྱུད་ལ་ཡང་། ཞ་མའི་སློབ་མ་ཉང་སྒོམ་ལས། སྨོན་དཀར་བ། སྟོད་གཡུང་། དབོན་པོ་ཤེར་ཚུལ་གསུམ་ནས་འཕེལ་བའི་ལུགས་གསུམ་སྟེ་ཕོ་མོའི་ལུགས་ལྔ་དང་བརྒྱད།
བསྲེས་བརྒྱུད་ལ། ཞ་མ་ཕོ་མོ་བསྲེས་པ་དུམ་བུ་ཀོ་བྲག་པའི་ལུགས། ཞ་མ་ཕོ་མོ་གཉིས་ས་ལུགས་དང་གསུམ་བསྲེས་པ་ཆ་གན་གྱི་ལུགས། འབྲོག་མི་ལུགས་དང་གྱི་ཇོ་ལུགས་བསྲེས་པ། ཇོ་ནང་ཀུན་སྤངས་ཀྱི་ལུགས། ལམ་འབྲས་སྦྱོར་དྲུག་རྫོགས་ཆེན་གསུམ་བསྲེས་པ་ལ། ལ་སྟོད་དབང་རྒྱལ་གྱི་ལུགས་ཏེ་བསྲེས་བརྒྱུད་བཞི་དང་བཅུ་གཉིས།
རབ་ཏུ་ཐོབ་པ་ཞང་གི་བརྒྱུད་འཛིན་ས་ལུགས་ལ་སྔ་བུ་དང་ཕྱི་བུ་གཉིས། སྔ་བུ་ལ་ཕག་གྲུ་ལུགས་དང་། གཅེས་སྒོམ་ལུགས་གཉིས། ཕྱི་བུ་ལ་ཉེ་བརྒྱུད་དང་རིང་བརྒྱུད་གཉིས་ཏེ་ས་ལུགས་བཞི་དང་བཅུ་དྲུག།
འབྲོག་ཇོ་སྲས་གཉིས་དང་ཞང་སྟོན་མཆེད་གཉིས་ཏེ་བཞིའི་གསུང་ངག་གི་གཅེས་མཛོད་བསྡུས་པ་མང་ལམ་ཞིག་པོའི་ལུགས་དང་བཅུ་བདུན། སེ་ཐོན་ལས་མཐའ་མར་ཐོབ་པ་བྱང་ཆུབ་ཡེ་ཤེས་ཀྱིས་ཞིང་ཕུག་པ་ལ་གདམས་པའི་ལུགས་དང་བཅོ་བརྒྱད་དོ། དེ་དག་རེ་རེ་ལ་ཇི་ལྟར་འཕེལ་ཚུལ་མང་བས་མ་བྲིས་སོ།