[A:༡༥༦] ནས་བསྔོ་བ་མཛད། གླང་ལོའི་དབྱར་གནས་སླས་མོ་ཆེར་མཛད་དགག་དབྱེ་ཐོན་ནས་ཆུ་མིག་རིང་མོར་བྱོན། རྒྱན་གོང་གནས་སུ་རྡོ་རྗེ་དཔལ་ལ་བསྙེན་རྫོགས་གནང་། གཞུ་སྙེ་མོའི་ནང་ལ་བྱོན། མཚུར་ཕུ་ནས་སྟོད་ལུང་བརྒྱུད་དེ་ཇོ་བོ་རྣམ་གཉིས་ལ་མཆོད་པ་ཕུལ། མཚུར་ཕུ་བའི་སྐྱེལ་མི་རྣམས་ལ། ཁྱེད་ཀྱི་དགོན་པ་ན་སངས་རྒྱས་ཐོད་པའི་རྒྱུད་ནས་བཤད་པའི་སྐུ་གསུམ་སྣང་བ་ཁྱེད་ཀྱིས་ངོ་མ་ཤེས་གསུངས། སྐུ་གསུམ་ནི་བདེ་མཆོག་ཡབ་ཡུམ་གོ་ལྡོག། ཤཱཀྱ་ཐུབ་པ་སྤྲུལ་སྐུ་ལ་ཡུམ་རྡོ་རྗེ་མཁའ་འགྲོ། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་གྱི་ལྷ་དང་གསུམ་མོ། དེ་ནས་སྲིན་པོ་རིར་སྟག་ལོ་དབྱར་གནས་མཛད། བྱམས་ཆོས་ཁྲིད་དང་རིགས་ཚོགས་རྣམས་གསུངས། མེ་མོ་ཡོས་ལ་སོལ་ནག་ཐང་པོ་ཆེར་ཕེབས། བསྟན་རྩིས་མཛད་པ་ན།
སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི༎
ཚེས་བརྒྱད་ནམ་གུང་མཉམ་པ་ལ༎
ཟླ་བ་རི་བོ་ལ་ནུབ་ཚེ༎
ཐུབ་དབང་ཡོངས་སུ་མྱ་ངན་འདས༎
དེ་རྗེས་ལོ་ནི་སྟོང་ཕྲག་གཅིག༎
བདུན་བརྒྱ་དང་ནི་ལྔ་བཅུ་དང་༎
ཟླ་བ་གཉིས་དང་ཟླ་བ་ཕྱེད༎
དེ་བཞིན་ཉི་མ་སྔ་རབས་འདས༎
ཞེས་སོགས་བཤད།
འོ་ན་རང་ལུགས་ཀྱི་སྐར་རྩིས་དང་ཆེས་མི་མཐུན་ཨོན་སྙམ་ན་སྐྱོན་མེད་དེ། པན་ཆེན་གྱི་བསྟན་རྩིས་ཀྱི་འདས་ལོའི་ཐོག་མ་ནི། མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོས་བྱང་ཆུབ་ཆེན་པོའི་སྐུ་བཞེངས་དུས་ཀྱི་མེ་མོ་སྦྲུལ་ནས་བཟུང་བ་ཡིན་ནོ་ཞེས་བཤད་ཟིན་ལ། དེ་ལྟ་བུའི་མེ་སྦྲུལ་དེ་ནི། འདས་ལོ་ནས་སྟོང་དང་ལྔ་བརྒྱ་གྱ་དགུ་འདས་པའི་དགུ་བཅུ་པ་ཡིན་ནོ་ཞེས་ཀྱང་བཤད་ཟིན་ཞིང་། པན་ཆེན་གྱི་བསྟན་རྩིས་འདི་ནི་མེ་མོ་ཡོས་ལོ་ནག་པ་ཟླ་བའི་ཚེས་ལྔ་ལ་མཛད་པ་ཡིན་པ་དང་། མེ་ཡོས་ནག་པ་ཟླ་བའི་ཚེས་ལྔ་ནི།