[A:༡༥༥]མཇལ། པན་ཆེན་གྱི་གསུང་གིས། ལོ་ཙཱ་བ་འདི་ཆོས་མང་དུ་ཤེས་པ། ལྷ་ཆེན་པོ་བཞེངས་པའི་སྟོབས་ཡོད་པའི་ཡར་རྒན་ཅིག་ཡོད་བསམ་པ་ལ་ན་ཚོད་གཞོན་ནུར་འདུག། ཆོས་སྒྱུར་བའི་ལོ་ཙཱ་བ་ཡང་མི་ཕོད། སྒྲུབ་ཐབས་འགའ་བྱིན་ལ་འོ་སྐོལ་དཔོན་སློབ་ཕྱིར་ལོག་གསུངས། པནྜི་ཏ་ཛཱ་ཡ་ཤྲཱིས་དཔོན་སློབ་རྣམས་ལོ་ཙཱ་བའི་གཟུགས་ལ་བརྙས་འདུག་པས་འབེལ་བའི་གཏམ་སྨྲོས་ཤིག་ཅེས་སྐབས་དབྱེ། ལོ་ཙཱ་བས་པན་ཆུང་དགུ་ལ་དྲི་བ་མི་འདྲ་བ་གཉིས་གཉིས་བྱས། པན་ཆེན་རབ་ཏུ་དགེས་ཏེ་སྤྱན་དྲངས་པའི་རྔོ་ཐོགས། པན་ཆུང་རྣམས་ལའང་དོ་ལི་བྱས་ཏེ་རིམ་པས་སྤྱན་དྲངས། ཆུ་མིག་ཏུ་ཁྲོ་ཕུའི་བསུ་བའི་བཀོད་པ་དགེ་འདུན་དྲུག་ཅུ། དར་གདུགས་རོལ་མོ་སོགས་དྲུག་ཅུ་དང་བཅས་པས་ཁྲོ་ཕུར་སྤྱན་དྲངས། དེའི་ཚེ་ས་པནྜི་ཏས་ཡབ་དཔལ་ཆེན་འོད་པོ་ཕག་ལོ་སྐུ་གཤེགས་ནས། གཤེགས་རྫོངས་ཀྱི་སྐུ་སྐལ་རྐྱང་འདུར་དུ་འབུལ་བར་ཕེབས་པའི་བར་ལམ་ཆུ་མིག་ཏུ་ཆོས་རྗེ་དང་མཇལ། ཚད་མ་ཆོས་མཆོག་གི་བསྟོད་པ་སོགས་མཛད་པ་ཡིན་ཨེར། ཁྲོ་ཕུར་བྱི་ལོའི་དབྱར་གནས་མཛད། ཚུལ་ཤིང་ལེན་པ་བརྒྱད་བརྒྱ་བྱུང་། བརྒྱད་སྟོང་པ་སོགས་གསུངས་སོ། ལོ་ཙཱ་བས་དར་ཟབ་ཀྱི་ཐུན་ཡོན་དེ་མ་ཆག་པར་ཕུལ། ལྷོ་བྲག་པ་བྱང་ཆུབ་དཔལ་ལ་བསྙེན་རྫོགས་གནང་། དབུས་ལ་འབྲི་ཁུང་པས་སྤྱན་འདྲེན་པའི་ཆ་རྐྱེན་མང་པོ་སླེབས། སླས་མོ་ཆེར་ཕེབས། རྒྱ་གར་ནས་སྤྱན་དྲངས་པའི་རྟེན་མཆོད་རྣམས་ཞལ་ཕྱེ། མཆོད་པ་གཟབ་པར་ཕུལ། གཙང་པོ་བ་བསོད་ནམས་མཛེས་ཀྱིས་མཇལ། བདག་བསྙེན་པར་རྫོགས་ནས་ལྟུང་བ་བྱུང་བ་མ་དྲན་པས་ཚུལ་ཁྲིམས་བསྲུངས་པའི་དགེ་བ་བསྔོ་བར་ཞུས་པས། དབུ་ཞྭ་ཟུལ་གྱི་ཕུད་ཕྱག་ཐལ་མོ་སྦྱར་ནས་བསྔོ་བ་རྒྱུ་བཟང་འདི་ལྟ་བུ་རྒྱ་གར་ན་ཡང་དཀོན་གསུངས་