R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༦༤
[A:༡༦༤] སུམ་སྟོང་སུམ་བརྒྱ་དང་རེ་འདུན་འདས་པའི་རེ་བརྒྱད་པ་ཤིང་མོ་ལུག་
སྤྱི་ལོ་༡༢༣༥
འཕགས་པ་རིན་པོ་ཆེ་བྱོན། དྲུག་པའི་ཚེ། ཆོས་རྗེ་ས་པན་གྱི་ཕྱག་ཕྱིར་སྐྱིད་གྲོང་དུ་བྱོན་ཟེར། བཅུ་པ་ལ་ཅུང་ཕྱག་ན་དང་བཅས་ཆོས་ཀྱི་རྗེ་གོང་ལ་ཕེབས་པའི་ཞབས་ཕྱིར་ཐེགས། དབུས་སུ་ཆོས་རྗེ་ས་པན་གྱིས་མཁན་པོ། ཟུལ་ཕུ་བའི་ན་བཟའ་འཕྲེད་གསོལ་གྱིས་སློབ་དཔོན་བགྱིས་ཏེ་རབ་ཏུ་བྱུང་། བཅུ་གཉིས་པ་ལ་རྒྱལ་པོའི་ཕོ་བྲང་ཆེན་པོར་ཕྱབ་ཕེབས། བཅུ་བདུན་ཡན་ལ་ལུང་རྟོགས་གྱི་ཡོན་ཏན་ཕུལ་དུ་ཕྱིན། དེའི་ཚེ་ཆོས་རྗེ་ས་པན་གྱིས་བསྟན་པའི་ཁུར་ཆེན་པོ་ཉིད་ཕྱག་ཏུ་གཏད། དག་པའི་ཞིང་དུ་གཤེགས། བཅོ་བརྒྱད་པ་ལ་ཆོས་རྗེའི་དགོངས་རྫོགས་སོགས་ལེགས་པར་བསྒྲུབས། བཅུ་དགུ་ལོན་པ་ཆུ་མོ་གླང་གི་ལོ། ཧོར་རྒྱལ་པོ་སེ་ཆེན་གན་གྱིས་ཕོ་བྲང་ཏ་ཏུར་སྤྱན་དྲངས། ལུགས་ཀྱི་མཛད་པས་རྒྱལ་པོའི་ཐུགས་རབ་ཏུ་ཕྲོགས་ཏེ། རྒྱལ་པོས་ཞུས་པའི་ངོར། རྒྱལ་པོས་གཙོས་པའི་སྐལ་ལྡན་གྱི་གདུལ་བྱ་ལྔ་ཕྲག་ལ་དགྱེས་པ་རྡོ་རྗེའི་སྨིན་བྱེད་ཀྱི་དབང་བསྐུར། ཏི་ཤྲིའི་མཚན་གསོལ། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ།
ཁྲི་སྐོར་བཅུ་གསུམ་ནི། ལྷོ་བྱང་གཉིས། ཆུ་ཞལ་གཉིས། ལྷ་ཤངས་གཉིས་ཏེ་གཙང་ལ་དྲུག། གཡའ་ཕག་གཉིས། རྒྱ་ཚལ་གཉིས། འབྲི་སྟག་གཉིས་ཏེ་དབུས་ལ་དྲུག། ཡར་འབྲོག་ཁྲི་སྐོར་དང་བཅུ་གསུམ་ཡིན་ལ། འདི་ནས་བཟུང་བོད་ཁམས་ཐམས་ཅད་དཔལ་ལྡན་ས་སྐྱ་པས་ལུགས་གཉིས་ཀྱིས་བསྐྱངས་སོ། དེ་ནས་ལོ་ཉེར་གཉིས་པ་ལ་རྒྱ་ཧོར་ཡུལ་གྱི་མཚམས་སུ། མཁན་པོ་སྙེ་ཐང་པ་གྲགས་པ་སེང་གེ། ལས་སློབ་ཇོ་གདན་བསོད་ནམས་རྒྱལ་མཚན།