R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A):
[A:༥]པོ་རྩིས་ཀྱིས་གཏན་ལ་ཕབ་པའོ། དང་པོ་ནི་བསྐལ་བཟང་འདུལ་ལུང་མཛོད་འགྲེལ་སོགས་ལས་བསྟན་པ་ལོ་སྟོང་གནས་པར་བཤད། སྙིང་རྗེ་པད་དཀར་སོགས་ལས་ཕྱེད་དང་ཉིས་སྟོང་གནས་པར་བཤད། ཟླ་བའི་སྙིང་པོས་ཞུས་པའི་མདོ་སོགས་ལས་ཉིས་སྟོང་གནས་པར་བཤད། རྡོ་རྗེ་གཅོད་པའི་འགྲེལ་པར་ཕྱེད་དང་སུམ་སྟོང་གནས་པར་བཤད། དབྱིག་གཉེན་གྱིས་འབུམ་ཊིཀ་སོགས་ལས་ལོ་ལྔ་སྟོང་གནས་པར་བཤད། དགའ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་ལས་ཡར་འཕེལ་དྲུག་བརྒྱ་པའི་བར་དུ་ཡང་གནས་པར་བཤད་པ་དང་དྲུག་ཡོད་པའི། སོ་སོའི་ལུང་ནི་མང་བས་མ་བྲིས་སོ། གཉིས་པ་ནི་དེ་ལྟར་དྲུག་ལས་ལྔ་སྟོང་དུ་གནས་པར་བཤད་པ་ནི། སྒྲ་ཇི་བཞིན་པའི་ངེས་དོན་གྱི་ཚིག་ཡིན་ཏེ། ལྔ་བརྒྱ་ཕྲག་བཅུའི། ལྔ་བརྒྱ་ཕྲག་དང་པོ་གསུམ་ལ་རིམ་བཞིན་དགྲ་བཅོམ་པ། ཕྱིར་མི་འོང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས། འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་ཞེས་བྱ་ཞིང་། དེ་གསུམ་ལ་འབྲས་བུའི་བསྟན་པ་གནས་སོ། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་རིམ་བཞིན་ལྷག་པའི་ཤེས་རབ་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་ལ་གནས་པ་མང་དུ་འབྱུང་བས། སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་པ་ཕྲག་གསུམ་ཞེས་བྱ་ཞིང་། དེ་གསུམ་ལ་རྟོགས་པའི་བསྟན་པ་གནས་སོ། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ལ་རིམ་བཞིན་མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་ཤེས་པ་མང་དུ་འབྱུང་བས་ལུང་གི་དུས་ཀྱི་ལྔ་བརྒྱ་པ་ཕྲག་གསུམ་ཞེས་བྱ་ཞིང་། དེ་གསུམ་ལ་ལུང་གི་བསྟན་པ་གནས་སོ།