[A:༢༠༣] ལ་ཟབ་དོན་མང་དུ་བླངས། དམ་པ་སངས་རྒྱས་ཀྱི་སྐུ་ལུས་ལ་ཀཱ་མ་ལ་ཤི་ལའི་ཐུགས་གྲོང་འཇུག་མཛད་པ་དེའི་སྐུའི་སྐྱེ་བར་གདོན་མི་ཟ་བས། དམ་པའི་ཞི་བྱེད། ཀཱ་མ་ལ་ཤི་ལའི་སྒོམ་རིམ་སོགས་ཆེད་དུ་གསལ་བར་མཛད་ཅིང་། ཁྱད་པར་ཕར་ཕྱིན་གྱི་བསྟན་པ་དང་། དབུ་མ་རང་རྒྱུད་པའི་བསྟན་པ་ལ་ཀུན་མཁྱེན་འདི་བཀའ་དྲིན་ཆེ་བ་ཡིན་ནོ།
ལེགས་བཤད་འདོམས་པའི་འབྲས་བུ་མཁས་གྲུབ་སློབ་མའི་གྲངས་ནི། སྔ་ཚར་གྱི་བུ་ཆེན་བསྟན་པ་འདེབས་པའི་ཀ་ཆེན་བཞི། བར་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་བརྒྱད་དང་མཆོག་གཉིས། སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་མཚུངས་པའི་བུ་ཆེན་གསུམ། ཕྱི་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་བཅུ་དྲུག། ཡང་ཚར་གྱི་བུ་ཆེན་གྲགས་པ་ཅན་བཞི་ལ་སོགས་པའོ།
དང་པོ་ནི། སེམས་དཔའ་གཞོན་ནུ་རྒྱལ་མཚན། སེམས་དཔའ་ཆེན་པོ་པདྨ་བཟང་པོ། གཟད་པ་བློ་གྲོས་རྒྱ་མཚོ། སྤྱན་སྔ་ཚུལ་ཁྲིམས་དར་མའོ།
བར་ཚར་བརྒྱད་ནི། སྨར་ཁམས་པ་གྲགས་པ་བཟང་པོ། དགེ་བ་རྒྱལ་མཚན། གུང་རུ་རྒྱལ་མཚན་བཟང་པོ། རོང་ཆུང་ཤེས་རབ་དཔལ་ཏེ་ཁམས་པ་བཞི། ཆོས་ལུང་བཀའ་བཅུ་པ། སྒ་སྡོང་པ་(དགའ་གདོང) པ་ཆོས་རྒྱལ་དཔལ་བཟང་། མཁས་དབང་རཏྣ་ཤྲཱི་བྷ་དྲ། སྣར་ཐང་པ་ཤེས་རབ་སེང་གེ། བཟང་ལྡན་བཀའ་བཅུ་པ་སྟེ་གཙང་པ་བཞིའོ། (གཅིག་ལྷག)
མཆོག་གཉིས་ནི། དབུས་པ་དམར་སྟོན་རྒྱ་མཚོ་རིན་ཆེན་དང་། གཙང་པ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གཉིས་སོ།
མཛད་སྤྱོད་མཚུངས་པ་གསུམ་ནི། མདོ་ཁམས་དཔལ་ལྡན་ཐོད་སེ། སྒོམས་སྡེ་ཁྲ་ཧྲལ། ས་སྐྱ་ནས་གཞོན་ནུ་སེང་གེ་དང་གསུམ་མོ།