[A:༢༠༥]འགྲེལ་གྱི་གྲྭ་སྐོར་མཛད། བོ་དོང་ཨེར་དབྱངས་ཅན་མ་བསྒྲུབས་པས། རྒྱུད་མངས་ཀྱི་སྒྲ་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་ནོད་དེ། ཕྱི་ནང་གི་མཛད་འཕྲིན་མ་ལུས་པ་སད་པས་དབྱངས་ཅན་དགའ་བའི་དཔལ་ཞེས་གྲགས། དགུང་ལོ་ཉེར་གསུམ་པ་ལ། རྩེ་ཐང་དང་གསང་ཕུར་པུ་ཏི་བཅོ་ལྔའི་གྲྭ་སྐོར་གནང་བས་མཁས་པའི་གྲགས་པས་ཁྱབ། དེའི་ཚེ་གསང་ཕུར་མཁན་ཆེན་གཡག་ཕྲུག་སངས་རྒྱས་དཔལ་དང་། རིགས་གཏེར་གྱི་དགོངས་པ། རང་རིག་ཡུལ་ཡོད་མེད་ལ་རྩོད་པའི་ཚེ། མཁན་ཆེན་པས་རང་རིག་ཡུལ་མེད་དུ་ཞལ་གྱིས་བཞེས་པ་ལ། རྗེ་འདིས། རང་རིག་ཆོས་ཅན། རང་གི་གཞལ་བྱ་མི་བསླུ་བའི་རིག་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་ན་ཁྱོད་ཀྱི་ཡུལ་ཡོད་པར་ཐལ་ལོ་ཞེས་དང་། མཁན་ཆེན་པས་གཟུགས་སྒྲ་ཀ་བུམ་སོགས་རྟག་པར་ཁས་བླངས་པ་ལ། ཀ་བ་ཆོས་ཅན། ཁྱོད་ཀྱི་གཟུགས་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར་ཞེས་པའི་རིགས་པའི་སྒོ་ནས་སྙན་པར་གྲགས་སོ། འོན་ཀྱང་ཕ་རོལ་གྱི་གྲུབ་མཐའི་གོ་དོན་དང་བསྟུན་ན་ཁྱབ་པ་མེད་མཚམས་དེ་ཁོ་ན་ཡིན་པས། ཕས་རྒོལ་ཕམ་པར་གྱུར་པ་ཡང་མ་ཡིན་ནོ། དེ་ནས་སླར། ཨེ་ཆོས་ཀྱི་འབྱུང་གནས་སུ་ལོ་ཆེན་གྲགས་པས་མཁན་པོ་དང་། རྗེ་བཙུན་རེད་མདའ་པ་ཆེན་པོས་ལས་སློབ་བགྱིས་ཏེ་བསྙེན་པར་རྫོགས།
དེས་ན་པན་ཆེན་འདིའི་རྣམ་ཐར་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་ནའང་། གཙོ་བོ་བསྡུས་ན་རྩོད་པས་ཕས་རྒོལ་དྲེགས་པ་གཞོམ་ནུས་ཚུལ། རྩོམ་པས་བཀའ་བསྟན་བཅོས་ཀྱི་དགོངས་པ་བཀྲལ་ཚུལ། འཆད་པས་བསྟན་འཛིན་གྱི་བུ་སློབ་སྤེལ་ཚུལ་གསུམ་ལས།
དང་པོ་ནི། ལས་སྟོད་ལྷོར། ཏའི་སི་ཏུ་ལྷ་བཙན་བྱང་རྒྱབ་པས་མཐུན་