[A:༢༡༤] ས་སྐྱ་སྒོ་རུམ་གྱི་རྗེ་བཙུན་གོང་མའི་གསུང་རབ་ལ་ལོ་གསུམ་གྱི་བར་དུ་གཟིགས་རྟོག་ནན་ཏན་དུ་མཛད་པས། ཆོས་སྤྱི་དང་ཁྱད་པར་དཔལ་དན་ས་སྐྱ་པའི་ཟབ་དོན་གྱི་གནད་ལ་ཕྱིན་ཅི་མ་ལོག་པའི་གོ་བ་ཕུལ་བྱུང་བསྙེས། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལ་ཀྱེ་རྡོར་མན་ངག་ལུགས་ཀྱི་བཀའ་གསན་པས། དཔལ་ལྡན་ས་སྐྱ་པའི་བསྟན་པའི་འཇུག་སྒོ་ཐོག་མ་ཡིན་ཞེས་མི་འཕྲོག་པཻ་དད་པ་ཐོང་། དགུང་ལོ་ཉེར་ལྔ་པའི་ཚེ་ཤར་ཆེན་པ་ཞི་བར་གཤེགས་ཏེ། གསུང་ངག་རིན་པོ་ཆེའི་བདུད་རྩི་སྔར་མ་གསོལ་བས། ཐུགས་ཀྱི་འདུན་པ་ཆེར་གཡོས་ཏེ། ཤངས་ཆོས་ཁོར་སྒང་དུ་ལོ་ཆེན་སྐྱབས་མཆོག་དྲུང་དུ་ལྷགས་པ་ན། མདོ་རྒྱུད་ཟབ་རྒྱས་ཀྱི་ཆོས་མང་དག་དང་སྣང་གསུམ་གྱི་ཁྲིད་རིམ་ཙམ་ལས་ཐུགས་ཀྱི་རེ་བ་མ་རྫོགས་པ་ན། དུས་དེའི་ཚེ་མཚན་གྱི་འོད་གསལ་ཆེན་པོའི་ངང་ལས། བླ་མ་ཀུན་དགའ་བཟང་པོ་ལམ་འབྲས་ཞུ་ན་འདི་ན་ཡར་བྱོན་ཟེར་བ་གཅིག་བྱུང་བས་དེ་ན་ཕར་བྱོན་པས། རི་འབོར་གཅིག་ན། དང་ར་སྒོ་བྱང་བསྟན་རྩིག་པ་ཁྲོལ་ལེ་བ་གཅིག་གི་ནང་། ཁང་པ་སྒོ་ཤར་བསྟན་གཅིག་གི་སྐས་ལ་འཛེགས་བྱོན་པས། སྐས་མགོ་ནས་དགེ་བཤེས་ཤ་རྩི་སྨུག་པོ་བྱས་པ་གཅིག་གིས་སྤོས་སྣ་བྱས་བྱོན་པས། ཚོམས་ཁ་ལྷོར་བསྟན་གཅིག་ན་བླ་མ་སྐུ་བགྲེས་སེ་བ་བེར་ཐུལ་མནབ་པ་གཅིག་དང་མཇལ་ཏེ་ཟག་མེད་ཀྱི་དགའ་བ་ཆེན་པོ་མྱོང་བ་གཅིག་བྱུང་། ཕྱིས་དཔལ་ལྡན་ས་སྐྱར་བྱོན། གསུང་ངག་གི་རྩད་བཅད་པས་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་དཔལ་ལ་གསུང་ངག་ཡོངས་རྫོགས་ཀྱི་སློབ་མའི་གཙོ་བོ་གསུམ་གྱི་ཤར་ཆེན་པ་ནི་ཞི་བར་གཤེགས། མི་ཉག་རིན་རྡོར་ནི་མདོ་ཁམས་ལ་བཞུད། གྲུབ་ཆེན་བུདྡྷ་ཉིད་འོས་སུ་གཟིགས་ཏེ། དགུང་ལོ་ཉེར་བདུན་པ་ས་ཕོ་བྱི་ལོ་ཞིག་དགོན་དུ་བྱོན་པས། འོད་གསལ་དུ་ཇི་ལྟར་ཤར་