[A:༢༢༤] བཞི་དང་། ཆུ་རྒྱུན་རྣམ་བཞི་སོགས་བསམ་གྱིས་མི་ཁྱབ་པ་མཛད།
ཐུགས་སྲས་བསྟན་འཛིན་བྱོན་ཚུལ་ཡང་། སྔ་ཚར་ལ་གནག་ཚར་བ། བ་འབྲོག་རྡོར་གླིང་གི་གདན་ས་བ་འཇམ་དབྱངས་བསོད་ནམས་རྒྱལ་མཚན། ཆོས་རྗེ་བློ་གྲོས་རྒྱལ་མཚན། རྗེ་ཉིད་ཀྱི་གཅུང་རྟོགས་ལྡན་བློ་གྲོས་བཟང་པོ། དེ་ཉིད་ཀྱི་སྐུ་ཞང་དཀའ་བཅུ་པ་དཀོན་མཆོག་བཟང་པོ། ཆེན་པོ་རིན་ཆེན་རྒྱལ་མཚན། དེ་ཉིད་ཀྱི་དབོན་པོ་སི་ར་བ་ནམ་མཁའ་རིན་ཆེན་དང་དྲུག བར་ཚར་ལ། བྱང་པ་བདག་ཆེན་བསོད་ནམས་རྒྱལ་མཚན། མེ་ཉག་ཆོས་གྲགས། འཛམ་བསོད་ནམས་རྒྱལ་མཚན། གྲང་མོ་ཆེའི་མཁན་པོ་ཀུན་བསམ། བོ་དོང་བཀའ་བཅུ་པ་ཆོས་རིན། ཇོ་ནང་པ་ཆོས་སྐྱོང་། ཤངས་པ་ཀུན་དགའ་དཔལ་ལྡན་དང་བདུན།
ཕྱི་ཚར་ལ། བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན། བདག་པོ་བསོད་ནམས་རྒྱལ་མཚན། རྗེ་རིན་པོ་ཆེ་བྱམས་པ་དཀོན་མཆོག་དཔལ། འཛིམ་པ་ཀུན་དགའ་སྙིང་པོ། ཉིད་ཀྱི་དབོན་པོ་ཀུན་རིན། གྲང་མོ་ཆེའི་གདན་ས་བ་ནམ་མཁའ་དཔལ། སྡོམ་བཙོན་ཤེས་རབ་རིན་ཆེན། རབ་འབྱམས་པ་ལྷ་དབང་། རྒྱུད་མན་ངག་གཉི་ཀ་ཚར་བའི་ས་དཀར་བ། མུས་ཆེན་རྣམ་རྒྱལ་བཟང་པོ་དང་བཅུའོ།
རྗེ་འདི་ཉིད་རིགས་ཀྱང་ཕུན་སུམ་ཚོགས་པ་གཙང་གི་རིགས་ཡིན་ཞིང་། སྔར་དར་གྱི་ཚེ། རྒྱ་ནག་ནས་ཇོ་བོ་ཤཱཀྱ་མུ་ནེ་སྤྱན་འདྲེན་པའི་གྱད་པ་མི་བཞིའི་ཡ་གཅིག་གི་བརྒྱུད་པ་ཡིན་ལ། འདི་རིགས་ལས་བྱོན་པ་ཡང་སད་མི་བདུན་གྱི་གཙང་དེ་ཝ་ཨིནྟྲ་རཀྵ་ཞེས་བྱ་བ་དང་། ཕྱི་དར་གྱི་རྩ་བ་གཡོ་དམར་གཙང་གསུམ་གྱི་གཙང་རབ་གསལ་ཞེས་བྱ་བ་དང་། དེ་རྗེས་གཙང་བན་