[A:༢༢༦] སུ་དཀའ་བཅུའི་གྲྭ་སྐོར་གནང་ཞིང་། གསུང་ཕུའི་ཆོས་ལུང་སྤྱི་ཁང་བཞུགས་ས་མཛད་པས་ཆོས་ལུང་དཀའ་བཅུ་པ་ཞེས་གྲགས། བཅུ་དགུ་པ་ལ་མཁྱེན་རབ་དབང་ཕྱུག་གི་གྲྭ་སར་ཕྱག་ཕེབས། ལོ་བཅུ་བཞུགས་ཏེ། ཉི་ཤུ་རྩ་བརྒྱད་པ་ལ་པོ་ཏི་བཞི་བཅུ་རྩ་ལྔས་ཐོག་དྲངས་པའི་གཞུང་ལུགས་རབ་འབྱམས་ལ། དཔལ་ལྡན་ས་སྐྱར་བཤད་པའི་དགའ་སྟོན་སྤེལ་བས་བྱམས་ཆེན་རབ་འབྱམས་པ་ཞེས་གྲགས།
གཞན་ཡང་རོང་སྟོན་སྨྲ་བའི་སེང་གེ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག རོང་ཆུང་ཤེར་དཔལ་སོགས་ལ་མདོ་ཕྱོགས་ཀྱི་གསན་པ་རྒྱ་ཆེར་མཛད། ཨེ་ཝཾ་ཆོས་ལྡན་དུ་རྡོ་རྗེ་འཆང་གིས་མཁན་པོ། རྗེ་འཁོར་ལོ་ལྡོམ་པས་ལས་གསང་། མཁས་པ་གཞོན་སེང་གིས་དུས་གོ་བར་མཛད་དེ་བསྙེན་པར་རྫོགས། མཁན་སློབ་གཉིས་ལས་གསུང་ངག་རིན་པོ་ཆེས་གཙོས་པའི་བདེ་དགྱེས་གསང་གསུམ་གྱི་རྒྱུད་མན་ངག་གི་བཅུད་ཆེན་པོ་བླངས།
དེ་ནས་འདི་ལྟར་དགོངས་ཏེ། དབེན་པའི་བདུད་རྩིས་ཉིན་མཚན་འདའ་བ་རྗེ་མི་ལ་ལྟ་བུའམ། འདུས་པའི་ཚོགས་ལ་རྣ་བའི་བདུད་རྩིས་ཉིན་མཚན་འདའ་བ་རྗེ་བློ་ལྡན་ཤེས་རབ་ལྟ་བུ་གང་ཡང་རུང་བའི་རྣམ་ཐར་ལ་ཞུགས་པར་བྱ་ཡི། གཞན་ནི་བདག་གི་ཆ་མ་ཡིན་ནོ། འོན་ཀྱང་དེ་གཉིས་གང་ཞིག་བསྟན་པ་ལ་ཕན་པར་ལུང་བསྟན་དུ་གསོལ་ཞེས་བླ་མ་དཀོན་མཆོག་དཔང་དུ་གསོལ་བའི་བརྟག་པ་མཛད་པ་ན། འོད་གསལ་གྱི་ངང་དེར། རྒྱལ་གྱི་ཤྲཱི་ཡིན་ཟེར་བའི་རིར། ལུང་གི་ཆོས་པོ་ཏི་བྲག་རི་གཏམས་པ་ཕ་མཐའ་མངོན་སུམ་ཞིག་གི་བརྡ་དོན་བསམ་པས་འཆད་པའི་སྒྲ་དབྱངས་བསྟན་འགྲོའི་དཔལ་དུ་དགོངས་ཏེ། ཐོག་མར་ནཱ་ལེནྡྲའི་ཆོས་གྲྭར་འདུས་པའི་ཚོགས་ཧ་ཅང་མི་མང་