R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༤༧
[A:༢༤༧ ]དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་དགུང་ལོ་བརྒྱད་བཞེས་པའི་ཚེ་རྫོང་ཆོས་སྡེ་གསར་དུ་བཙུགས། ཁོང་གིས་སོ་གཉིས་པ་ལ་རྫོང་ཆོས་སྡེའི་མཁན་པོ་མཛད། སོ་བདུན་པ་ངམ་རིངས་ཆོས་སྡེའི་མཁན་པོ་མཛད་ཅེས་དེ་ཉིད་ཀྱི་རྣམ་ཐར་ལས་འབྱུང་བ་གང་ཞིག ཆོས་རྗེ་བཀའ་ལྔ་པ་དེ་ཉིད་ངམ་རིངས་ཆོས་སྡེ་ཆེན་པོའི་མཁན་རབས་དགུ་པ་ཡིན་པ་ལས་(ཤེས་) སོ། དཔལ་ལྡན་བཟང་ལྡན་གྱི་མཁན་པོ་ནི། ས་བཟང་མ་ཏི་པཎ་ཆེན་ཀུན་སྤངས་ཆོས་གྲགས་དཔལ། མཁན་ཆེན་སངས་རྒྱས་བཟང་པོ། རྩེ་ལྔ་ནམ་མཁའ་ཡེ་ཤེས། འཇམ་དབྱངས་དཀོན་མཆོག་བཟང་པོ། གཞོན་ནུ་ཚུལ་ཁྲིམས། གཞོན་ནུ་ཤེས་རབ་སྟེ་བདུན་ཁོ་ན་ལས་གཞན་མ་བྱུང་ངོ་། རྩེ་ཐང་གི་ཆོས་སྡེ་ལྕགས་མོ་ཡོས་ལ་བཏབ་ཅེས་དེབ་སྔོན་ལས་འབྱུང་བས། སུམ་སྟོང་བཞི་བརྒྱ་བརྒྱད་ཅུ་རྩ་བཞི་པ་ལྕགས་ཡོས་
སྤྱི་ལོ་༡༣༤༡
ལ་རྩེ་ཐང་བྱོན། དེ་ནས་ཉིས་བརྒྱ་དང་བཅུ་བཞི་ལོན། འདེབས་མཁན་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་གྲགས་པ། ཁྲི་སྐོར་བཅུ་གསུམ་ལ་དབང་བསྒྱུར་ཞིང་སྣེའུ་བྲག་རྟོག གཞིས་ཁ་རིན་སྤུངས། བསམ་གྲུབ་རྩེ་སོགས་འདེབས་པ་པོ་དེ་ཡིན། སུམ་སྟོང་ལྔ་བརྒྱ་དང་བཅུ་རུ་སོན་པ་མེ་མོ་སྦྲུལ་
སྤྱི་ལོ་༡༣༧༧
ལ་མདོག་ཞེ་དགོན་གྱི་སྔགས་དགོན་བྱོན། དེ་ནས་བརྒྱ་དང་བརྒྱད། འདེབས་མཁན་གྲུབ་ཆེན་བུདྷ་ཤྲཱི་ལྔ་བཅུ་རྩ་གཅིག་བཞེས་པས། རྗེ་དཔལ་ལྡན་ཚུལ་ཁྲིམས་ལ་གསུང་ངག་ཐོག་མར་གསན་པའི་ཚེ་ཡིན།
འདས་ལོ་ནས་སུམ་སྟོང་ལྔ་བརྒྱ་བཞི་བཅུ་རྩ་གཉིས་པ་ས་མོ་གླང་
སྤྱི་ལོ་༡༤༠༩
ལ་འབྲོག་རི་བོ་དགེ་ལྡན་བྱོན། དེ་ནས་བརྒྱ་དང་ལྔ་ཅུ་རྩ་དྲུག་འདེབས་མཁན་རྗེ་བློ་བཟང་གྲགས་པ་ལྔ་བཅུ་རྩ་གསུམ་ལོན་པ་ཡིན་ནོ།